འབྱུང་འགྱུར་རང་རེའི་འཆར་གཞིར། བཀའ་འགྱུར་གྱི་མ་དཔེ་མི་འདྲ་བ་ཁག་མཉམ་བསྡུར་བྱས་ཏེ་ལྟ་ཀློག་ཆོག་པའི་སྟེགས་བུ་ཞིག་བསྐྲུན་རྒྱུ་ཡིན། འཇང་བཀའ་འགྱུར་གཞིར་བཟུང་ནས། པར་གཞིའམ་པར་མ་འདྲ་མིན་ཁག་ཞིབ་བསྡུར་བྱེད་པ། དཔེར་ན། སྡེ་དགེའི་པར་མ་དང་། ཅོ་ནེའི་པར་མ། སྣར་ཐང་པར་མ། ཁུ་རེའི་པར་མ་སོགས་ཤོག་ལྷེ་ཕན་ཚུན་ཞིབ་བསྡུར་བྱ་རྒྱུ། དེ་ནི་ཡིག་འབྲུ་ཁོ་ན་མ་ཟད་མ་དཔེའི་པར་མ་ཞིབ་བསྡུར་མཁོ་སྤྲོད་ཀྱང་ཡོད། ཡིག་ནོར་ཡོད་སྲིད་པ་རྣམས་ཉུང་དུ་འགྱུར་བ་དང་ལྷན་དུ་རིག་གཞུང་ཞིབ་འཇུག་གི་རིན་ཐང་མཐོ་རུ་གཏོང་བ་སོགས་ཀྱི་ཕན་རླབས་ཡོད།
སྟེགས་བུ་འདིས། མདོ་བསྡུས་པ། ཤེར་ཕྱིན་བསྡུས་པ་ཚིག་ལེའུར་བྱས་པ། ཤེར་སྙིང་། རྡོ་རྗེ་གཅོད་པ། སོར་མདོ་སོགས་མདོ་ཁ་ཅིག་རྒྱ་བོད་ལེགས་སྦྱར་གསུམ་གྱི་ལམ་ནས་ཕན་ཚུན་ཞིབ་བསྡུར་བྱ་ཆོག །ལེགས་སྦྱར་གྱི་དཔེ་ཆར་མཚོན་ན། ཀློག་པ་པོས་ལེགས་སྦྱར་དང་རོ་མན་གྱི་སྒྲ་སྦྱོར་དང་མཚོན་རྟགས་རྣམས་རང་མོས་ཀྱི་བཅོས་བསྒྱུར་བྱ་ཆོག་པ་མ་ཟད། རྒྱ་བོད་ཀྱི་པར་གཞི་ཡང་དེའི་འོག་ཏུ་འཆར་ཡོང་། གློག་ཀླད་ཙི་གུའི་རྟགས་ཀྱིས་༼ རྣམ་འདྲེན་ ༽ཞེས་པའི་ཚིག་གི་སྟེང་དུ་བཞག་ཚེ། པར་གཞི་གཞན་རྣམས་སུ་ཡང་། རྣམ་འདྲེན་ཞེས་པའི་ཚིག་དེ་འཆར་ཡོང་། སློབ་གཉེར་ལ་ཡང་སྟབས་བདེ་འབྱུང་ཞིང། གོ་སྐབས་འདི་བརྒྱུད་ནས་ཕྱོགས་གང་སར་བཞུགས་པའི་མཁས་པ་རྣམས་ཀྱིས་དཔྱད་ཞིབ་ཞིབ་བསྡུར་མཛད་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁོང་རྣམ་པའི་བདག་རྐྱེན་ལ་བརྟེན་ནས་སྟེགས་བུའི་བྱེད་ནུས་འདི་ལེགས་གྲུབ་བྱུང་ཡོད།