A Timeline of the Kangyur

བཀའ་འགྱུར།

བཀའ་འགྱུར་གྱི་བྱུང་རིམ་ནི་ཡུལ་དུས་དང་བཟོ་རིག་འདྲ་མིན་གྱི་ནང་ངོ་མཚར་ལྡན་པའི་ལོ་རྒྱུས་ཤིག་ཡིན། གཤམ་དུ་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་དུས་ནས་ད་ལྟ་རང་རེའི་ཨ་དརྴའི་ལས་འཆར་བར་གྱི་བྱུང་རིམ་གྱི་སྣང་བརྙན་ཞིག་བཀོད་ཡོད།

མཉམ་མེད་ཤཱཀྱ་ཐུབ་པ་སངས་རྒྱས་པའི་མཛད་པ།

བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པས་མི་ལོ་ ༤༥ ཙམ་གྱི་རིང་རྒྱ་གར་གྱི་རྒྱལ་བློན་ནས་བཟུང་གཡོག་འཁོར་སོགས་མི་སྣ་འདྲ་མིན་གྲངས་ལས་འདས་པ་ཞིག་ལ་དམ་པའི་ཆོས་ཀྱི་བདུད་རྩི་བླ་ན་མེད་པ་སྟོན་པར་མཛད། འོན་ཀྱང་སངས་རྒྱས་ཉིད་ཀྱི་སྐབས་ཀྱི་གསུང་རབ་ཡིག་ཐོག་ཏུ་བཀོད་པ་ད་བར་ལག་སོན་བྱུང་མེད།

6th - 4th Century

བཀའ་བསྡུ་དང་པོ།

བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདས་པའི་རྗེས་རྒྱ་གར་གྱི་མངའ་སྡེ་བི་ཧཱར་གྱི་ནང་རྒྱལ་པོའི་ཁབ་ཏུ་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་མཛད་དེ་ཞལ་སློབ་གཙོ་གྲས་རྣམས་ཀྱིས་བཀའ་བསྡུ་དང་པོ་མཛད། དེའི་སྐབས་སངས་རྒྱས་ཀྱི་བཀའ་རྣམས་ཀུན་དགའ་བོས་མདོ་སྡེའི་སྡེ་སྣོད་དང་། ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད། འོད་སྲུང་ཆེན་པོས་མངོན་པའི་སྡེ་སྣོད་བཅས་སྡེ་སྣོད་གསུམ་དུ་ལེགས་པར་ཕྱེ། ཉན་ཐོས་རྣམས་ཕན་ཚུན་ཐུགས་མཐུན་པ་དང་རང་གིས་སངས་རྒྱས་ལས་གང་ཐོས་པའི་ཆོས་རྣམས་མི་བརྗེད་པའི་གཟུངས་ཀྱིས་འཛིན་སྐྱོང་སྤེལ་བར་མཛད་མོད།

404 BCE

བཀའ་བསྡུ་གཉིས་པ།

སྟོན་པ་ཞི་བར་གཤེགས་ནས་ལོ་གྲངས་བརྒྱ་དང་བཅུ་ལོན་པའི་ཚེ། ཡངས་པ་ཅན་དུ་རྣམ་ཐར་བརྒྱད་དང་ལྡན་པའི་དགྲ་བཅོམ་པ་བདུན་བརྒྱ། ཀུསྨ་པུ་རི་ཞེས་བྱ་བའི་གཙུག་ལག་ཁང་དུ་འདུས་ཏེ། ལི་ཙྪ་བཱིའི་རྒྱལ་པོ་དགའ་བྱེད་ཅེས་བྱ་བས་སྦྱིན་བདག་བྱས་ཏེ། དངོས་པོ་བཅུ་བསྒྲགས་ནས། དེ་དག་མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང༌། ཆོས་ཉིད་དང་འགལ་བས་དོར་བར་བྱ་བར་བཅས་ཏེ་མི་རུང་བར་སྤྱོད་པ་རྣམས་བསྙིལ་བས། འདི་ལ་བདུན་བརྒྱས་ཡང་དག་པར་བརྗོད་པ་ཞེས་གྲགས་ཤིང་ཆ་ཤས་ཀྱི་བསྡུ་བ་མཛད་དོ། །

383-330 BCE

ཆོས་རྒྱལ་མྱ་ངན་མེད།

ཆོས་ཀྱི་སྦྱིན་བདག་ཆེན་པོ་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་རབས་ཡིན།

269-231 BCE

བཀའ་བསྡུ་གསུམ་པ།

བཀའ་བསྡུ་གསུམ་པ་ནི་ཡུལ་པ་ཏ་ལི་པུ་ཏྲ་རུ་རྒྱལ་པོ་ཀ་ནིཥྐས་སྦྱིན་བདག་མཛད་དེ་དགྲ་བཅོམ་པ་ལྔ་བརྒྱ་དང༌། བཙུན་པ་བཞི་བརྒྱ་རྣམས་དང༌། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་རྣམས་ཀྱིས། དེའི་ཚེ་འདུལ་བ་ཐམས་ཅད་ཡི་གེར་བཀོད། མདོ་སྡེ་དང་མངོན་པ་སྔར་ཡི་གེར་མ་འཁོད་པ་རྣམས་ཀྱང་ཡི་གེར་བཀོད། བཀོད་པ་རྣམས་ལ་དག་ཐེར་བྱས་སོ། །འདི་སྐབས་ཁ་ཆེ་བ་རྣམས་ཀྱིས་འདི་ལྟར་འདོད་པ་ལས་ཡུལ་དབུས་ཀྱི་མཁས་པ་དག་གིས་ནི་ཛཱ་ལནྡྷཱ་རའི་དགོན་པར་ཀུ་ས་ན་ཞེས་བྱ་བའི་གཙུག་ལག་ཁང་དུ་དེ་ལྟར་བཀའ་བསྡུ་གསུམ་པ་མཛད་པར་བཞེད་དོ། །

250 BCE

རྒྱལ་པོ་ཀ་ནིཥྐ།

རྒྱལ་པོ་ཀ་ནིཥྐའི་རྒྱལ་སྲིད་རིང་ཐེག་ཆེན་གྱི་ནང་པའི་ཆོས་དེ་དབུས་ཨེ་ཤེ་ཡའི་རྒྱལ་ཁབ་ནང་དར་ཁྱབ་ཏུ་གྱུར་ཅིང་། དེ་སྐབས་ནང་ཆོས་ཀྱི་གཞུང་ལུགས་རྣམས་ལེགས་སྦྱར་གྱི་སྐད་ཐོག་བྲིས་ཡོད།

2nd century BCE

ཐེག་པ་ཆེན་པོ་ཆོས།

ཐེག་པ་ཆེན་པོའི་ཆོས་དར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བརྩམས།

100 BCE to 100 AD

དམ་པའི་གསུང་རབ་རྣམས་ཏ་ལའི་ལོ་མའི་ཐོག་བྲིས་པ།

ཤྲི་ལངྐའི་ནང་ཡོད་པའི་མ་ཊ་ལི་གམ་དུ་ཨ་ལོ་ཀའི་བྲག་ཕུག་ཏུ་གནས་བརྟན་སྡེ་པའི་གསུང་རབ་ཆ་ཚང་ཤིང་ཏ་ལའི་ལོ་མའི་ཐོག་བྲིས།

1st century AD

ནང་ཆོས་རྒྱ་ནག་ཏུ་དར།

རྒྱ་གར་གྱི་མཁན་པོ་དྷརྨ་རཏྣ་དང་ཀ་ཤ་པ་མ་ཏངྒ་གཉིས་རྟ་དཀར་ལ་བསྟན་བཅོས་བསྐལ་ཏེ་རྒྱ་ནག་ཏུ་བྱོར།

 148

ཐེག་པ་ཆེན་པོའི་མདོ་བརྩམས་པ།

པདྨའི་མདོ་ལ་སོགས་པའི་ཐེག་པ་ཆེན་པོའི་མདོ་དུ་མ་བརྩམས།

1st Century AD

རྒྱ་གར་དུ་ཐེག་པ་ཆེན་པོའི་ཆོས་ཐོག་མར་དར།

གསང་སྔགས་རྡོ་རྗེ་ཐེག་པ་རྒྱ་གར་དུ་དར་བ། 

2nd Century

དཔལ་མགོན་འཕགས་པ་ཀླུ་སྒྲུབ།

དབུ་མའི་ལྟ་གྲུབ་བམ་ཟབ་མོ་ལྟ་རྒྱུད་སྲོལ་གཏོད་མཛདམཁན་མགོན་པོ་ཀླུ་སྒྲུབ་ཀྱི་དུས་རབས།

2nd Century

ནང་པའི་དཔེ་ཆ་རྙིང་པ།

ཕྱི་ལོ་ ༢༠༠༥ ལོར་རྒྱ་ནག་ཏཱ་ལྱིན་ཡུལ་དུ་ལུས་སུན་འགྲེམ་སྟོན་ཁང་ཞེས་པར་ནང་པའི་དཔེ་ཆ་རྙིང་ཤོས་<<སངས་རྒྱས་ཀྱི་ཡང་དག་པར་སྡུད་པའི་མདོ།>>དེ་རྙེད་པ་རེད། མདོ་འདི་ནི་ཤིན་ལྗང་དུ་ས་འོག་ནས་རྙེད་པ་རེད་ཟེར། དེ་ནི་ལོ་ཙཱ་བ་གྲགས་ཅན་དྷརྨ་རཀྵས་བསྒྱུར་བའི་དཔེ་རྙིང་ཡིན་པ་རེད།

 296

འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན།

སེམས་ཙམ་པའམ་རྒྱ་ཆེན་སྤྱོད་རྒྱུད་སྲོལ་གཏོད་མཛདམཁན་འཕགས་པ་ཐོགས་མེད་ཀྱི་དུས་རབས།

4th Century

སེམས་ཙམ་པའི་གྲུབ་མཐའ།

སེམས་ཙམ་པས་བྱམས་ཆོས་སྡེ་ལྔ་གཅོ་བོར་གྲུབ་མཐར་མཛད།

4th Century

ནང་་ཆོས་རྒྱ་ནག་སྐད་དུ་བསྒྱུར་བ།

ཀུ་ཤི་ལ་འཁྲུངས་པའི་ལོ་ཙཱ་བ་ཆེན་པོ་ལོ་ཙཱ་བ་ཀུ་མ་ར་ཇི་བ་༼༣༤༤ ནས་ ༤༡༣ ༽ དང་ལོ་ཙཱ་བ་ཧུ་ཡུན་༼༣༣༤ ནས་ ༤༡༦ ༽རྣམ་གཉིས་ཀྱིས་ནང་ཆོས་རྒྱ་ནག་སྐད་དུ་བསྒྱུར་བ་ལ།<<རྡོ་རྗེ་སྤྱོད་པ། དབུ་མ་རྩ་ཤེས། ཤེར་ཕྱིན་གྱི་བསྟན་བཅོས་ཆེན་པོ། དམ་ཆོས་པདྨ་དཀར་པོ།>>བཅས་ཡོད།

 

4th Century

རྒྱ་གར་དུ་དཔལ་ནཱ་ལནྡཱའི་གཙུག་ལག་ཁང་ཕྱག་བཏབ།

དུས་རབས་ལྔ་པར་ཆོས་རྒྱལ་གུཔྟ་ཡི་རྒྱལ་རབས་རྒྱལ་པོ་ས་ཀྲཱ་དིཏྱས་རྒྱལ་པོའི་ཁབ་ཀྱི་བྱང་ཕྱོགས་སུ་ནཱ་ལནྡཱའི་གཙུག་ལག་ཁང་ཕྱག་བཏབ། དེ་ནས་དགེ་སློང་རཱ་ཛ་བཛྵ་ལ་འཕུལ། ཕྱིས་སུ་ནང་པའི་ཆོས་སྡེ་གཙོ་བོར་འགྱུར།

5th Century

རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན།

ལྷ་ཐོ་ཐོ་རི་གཉན་བཙན་ནི་བོད་ཀྱི་རྒྱལ་རབས་ ༢༨ པ་དེ་ཡིན། ཁོང་གི་སྐུ་དུས་སུ་རྒྱལ་པོའི་ཕོ་བྲང་གི་ཡང་ཐོག་ཏུ་དམ་ཆོས་མདོ་སྡེ་ཟ་མ་ཏོག་དང་སྤང་གོང་གི་ཕྱག་རྒྱ་གཉིས་ནམ་མཁའ་ལས་བབས་པར་གྲག །རྒྱལ་པོས་དོན་མ་མཁྱེན་ཀྱང་ངོ་མཚར་དུ་བརྩིས་ཏེ་བསྙེན་བཀུར་བྱ་བའི་ཡུལ་དུ་ཉར་ཚགས་མཛད།

5th Century

ཀོ་རི་ཡ་ནས་ཉི་འོང་དུ་ནང་པའི་ཆོས་ཐོག་མར་དར།

ཕྱི་ལོ་༥༥༢་ལོར་ཀོ་རི་ཡའི་རྒྱལ་པོ་སན་མིང་ཝང་ལགས་ཀྱིས་སངས་རྒྱས་ཀྱི་སྐུ་དང་རྟེན་བཅས་བཏང་ནས་ཉི་འོང་དུ་ནང་པའི་ཆོས་ཐོག་མར་དར།

 538

ཐང་རྒྱལ་བརྒྱུད་སྐབས་རྒྱ་ནག་ཏུ་ནང་ཆོས་དར་ཁྱབ་ཆེ་ཤོས་བྱུང་།

ཐང་རྒྱལ་བརྒྱུད་སྐབས་རྒྱ་ནག་ཏུ་ནང་ཆོས་དར་ཁྱབ་ཆེ་ཤོས་བྱུང་། ཕྱི་ལོ་༦༦༤ལོར་ཞོན་ཙང་བླ་མས་རྒྱ་གར་དུ་བྱོན་ནས་ཤཱི་ལ་བྷ་དྲ་སོགས་ནས་ན་ལན་དར་ནང་པའི་ཆོས་ལ་སླབ་ནས་ནང་ཆོས་རྒྱ་ནག་སྐད་དུ་བསྒྱུར།

589 – 845

ཆོས་རྒྱལ་སྲོང་བཙན་སྒམ་པོ།

སྲོང་བཙན་སྒམ་པོ་ནི་བོད་ཀྱི་རྒྱལ་རབས་ ༣༣ པ་ཡིན། ཁོང་གི་སྐུ་དུས་སུ་བོད་དུ་ནང་པའི་ཆོས་ཐོག་མར་དར། བོད་ཀྱི་སྐད་དང་འཚམས་པའི་ཡི་གེ་གསར་དུ་བསྐྲུན།

7th Century

མཁན་ཆེན་ཐོན་མི་སམྦྷོ་ཊ།

ཐོན་མི་སམྦྷོ་ཊ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ལྟར་དགུང་གྲངས་བཅོ་ལྔ་སྟེ་ཆུ་སྦྲུལ་ཕྱི་ལོ་ ༦༣༣ ལོར་རྒྱ་གར་དུ་ཕེབས་ནས། ལོ་ངོ་བདུན་གྱི་རིང་བྲམ་ཟེ་ལི་པི་ཀ་ར་དང་། པཎྜི་ཏ་ལྷ་རིག་པའི་སེང་གེ་སོགས་ཀྱི་དྲུང་ནས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ལ་དཔྱིས་ཕྱིན་པར་སྦྱངས་པ་མཛད། བོད་དུ་ཕྱིར་ཕེབས་ནས་རྒྱ་ཡིག་ལྔ་བཅུ་ཐམ་པ་བོད་ཡིག་སུམ་ཅུར་གཏན་ལ་ཕབ་སྟེ་བོད་ཀྱི་ཡིག་གཟུགས་གསར་དུ་བརྩམས། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་སོགས་དང་། དེ་བཞིན་ཐོན་མིའི་མདོ་རྫིའི་སྒྲ་མདོ་སོགས་བརྡ་སྤྲོད་ཀྱི་གཞུང་བརྒྱད་མཛད་པར་གྲགས་ཀྱང་། ད་ལྟ་དངོས་སུ་བཞུགས་པ་སུམ་རྟགས་གཉིས་ཡིན།

7th Century

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན།

ཁོང་ནི་བོད་ཀྱི་རྒྱལ་རབས་སུམ་ཅུ་སོ་བདུན་པ་ཡིན། ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང་། ཡུམ་སྣ་ནམ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་སུ་ཆུ་རྟ་ཕྱི་ལོ་ ༧༤༢ ལོར་སྐུ་བལྟམས། དགུང་ལོ་བཅུ་བཞི་ལ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཤིང་། དཔལ་གྱི་བསམ་ཡས་གཙུག་ལག་ཁང་བཞེངས་ཏེ། མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སོགས་རྒྱ་གར་གྱི་པཎ་གྲུབ་དུ་མ་བོད་དུ་གདན་དྲངས། ལོ་ཆེན་བཻ་རོ་དང་སྐ་ཅོག་ཞང་སོགས་ཁྱད་དུ་འཕགས་པའི་ལོ་ཙཱ་བ་མང་པོ་སྐྱེད་སྲིངས་མཛད་ནས། རྒྱལ་བའི་བཀའ་བསྟན་གཉིས་ཀྱི་གཙོས་པའི་གསུང་རབ་དུ་མ་བོད་སྐད་དུ་བསྒྱུར། དེ་བཞིན་རིག་པའི་གཞུང་ལུགས་མང་པོའི་དགོངས་འགྲེལ་བརྩམས་པ་སོགས་བསྟན་པའི་བྱ་བ་རླབས་པོ་ཆེ་མཛད། མཁན་ཆེན་ཞི་བ་འཚོ་ལས་སད་མི་མི་བདུན་རབ་ཏུ་བྱུང་། མཐར་མེ་གླང་ཕྱི་ལོ་ ༧༩༧ ལ་སྐུ་གཤེགས།

AD 755 until 797 or 804

གསང་སྔགས་རྡོ་རྗེ་ཐེག་པ་བོད་དུ་དར་བ།

གསང་སྔགས་རྡོ་རྗེ་ཐེག་པ་བོད་དུ་དར། བོད་དུ་བསམ་ཡས་གཙུག་ལག་ཁང་ཐོག་མར་བཞེངས་པ་ཡིན།

7th to 8th Century

སྔ་འགྱུར་རྙིང་མའི་གྲུབ་མཐའ།

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་མཁན་ཆེན་བོ་དྷི་ས་ཏྭ་བོད་དུ་གདན་དྲངས། བསམ་ཡས་བཏབ་རྒྱ་གར་སྐད་ནས་བོད་སྐད་དུ་ནང་ཆོས་བསྒྱུར་ནས་གངས་ལྗོངས་སུ་སྔ་འགྱུར་རྙིང་མའི་གྲུབ་མཐའ་ཐོག་མར་དབུ་ཚུགས།

 

8th Century

ལོ་ཆེན་བཻ་རོ་ཙ་ན།

སད་མི་མི་བདུན་གྱི་ཡ་གྱལ་དུ་གྱུར་པའི་སྔ་འགྱུར་གྱི་ལོ་ཙཱ་བ་གྲགས་ཅན་ཞིག་སྟེ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་མངགས་བཞིན་འཕགས་ཡུལ་དུ་བྱོན་ཏེ་རྒྱ་གར་གྱི་པཎ་གྲུབ་དུ་མའི་ཞབས་ལ་གཏུགས། བོད་དུ་ཕྱིར་ཕེབས་ཏེ་རྒྱལ་བའི་གསུང་རབ་གྲངས་ལས་འདས་པ་བསྒྱུར། ལོ་ཆེན་དེ་ཉིད་རྒྱ་ནག ཁོ་ཏན། བལ་ཡུལ། ཞང་ཞུང་སོགས་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ཏེ་སྒྱུར་གྱི་མཛད་པ་རླབས་ཆེ་བསྐྱངས། བོད་ཡུལ་དུ་རྫོགས་པ་ཆེན་པོའི་ཆོས་སྐལ་གདན་དྲངས་པའི་སློབ་དཔོན་ཆེན་པོ་གསུམ་གྱི་ཁྲོད་ནས་གཙོ་བོ་ཞིག་ཡིན།

8th - 9th Century

རྨ་རིན་ཆེན་མཆོག

རྨ་རིན་ཆེན་མཆོག་ནི། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ཀྱི་ཞལ་སློབ་རྗེ་འབངས་ཉེར་ལྔར་གྲགས་པའི་ནང་ནས་གཅིག་ཡིན་གཤིས། གཞན་ཡང་པཎ་ཆེན་བི་མལ་མིཏྲའི་སྲས་ཀྱི་ཐུ་བོ་ཡང་ཡིན། ཁོང་ནི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་པ་མ་ཟད། མཁན་ཆེན་ཞི་བ་འཚོས་སྡོམ་པ་འབོགས་པའི་བོད་ཀྱི་སད་མི་མི་བདུན་གྱི་ཡ་གྱལ་དུའང་གཏོགས།

8th - 9th Century

སྐ་བ་དཔལ་བརྩེགས།

སྐ་བ་དཔལ་བརྩེགས་མཆོག་ནི། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ཀྱི་ཞལ་སློབ་རྗེ་འབངས་ཉེར་ལྔར་གྲགས་པའི་ནང་ནས་གཅིག་ཡིན་གཤིས། ཁོང་ནི་སློབ་དཔོན་ཆེན་པོའི་ལུང་བསྟན་པའི་སྐ་ཅོག་ཞང་གསུམ་དུ་གྲགས་པའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་པ་དང་། མཁན་ཆེན་ཞི་བ་འཚོ་ལས་རབ་བྱུང་གི་སྡོམ་པ་ནོད་པའི་ལོ་ཆེན་ཞིག་ཀྱང་ཡིན།

8th - 9th Century

སྣ་ནམ་ཞང་ཡེ་ཤེས་སྡེ།

སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སློབ་རྗེ་འབངས་ཉེར་ལྔའི་ཡ་གྱལ་དུ་གྱུར་པའི་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་སྟེ། སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཡང་ཡིན། ཁོང་གིས་དཔེ་ཚན་ཁག་ཉིས་བརྒྱ་ལྷག་ཙམ་བསྒྱུར་ཡོད།

8th - 9th Century

ཆོས་རྒྱལ་ཁྲི་རལ་པ་ཅན།

ཆོས་རྒྱལ་ཁྲི་རལ་པ་ཅན་ནི། བོད་ཀྱི་རྒྱལ་རབས་ཞེ་གཅིག་པ་ཡིན་ཞིང་། མེ་ཁྱི་ཕྱི་ལོ་ ༨༠༦ ལོར་ཡབ་ཁྲི་ལྡེ་སྲོང་བཙན་དང་། ཡུམ་འབྲོ་བཟའ་ལྷ་རྒྱལ་མང་མོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས། སྐྱིད་རྟགས་ལོ་དང་པོ་ཤིང་ལུག ཕྱི་ལོ་ ༨༡༥ ནས་སྲིད་དབང་་བཟུང་ཞིང་། ཁོང་ནི་བོད་བརྒྱུད་ནང་བསྟན་ལ་བསྙེན་བཀུར་བླ་ན་མེད་པ་མཛད་པོ་ཞིག་ཀྱང་ཡིན། ཁོང་གི་སྐབས་སུ་རྒྱ་ནག་དང་བལ་པོ་དང་། ཁ་ཆེའི་ཡུལ་སོགས་ནས་བོད་དུ་ཤིང་བཟོ་བ་དང་། མཁས་དབང་། སྒྲ་བསྒྱུར་བ་དུ་མ་གདན་དྲངས། ཆོས་རྒྱལ་ནས་རྒྱ་གར་གྱི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བ་རྣམས་ལ་སྡེ་སྣོད་གསུམ་དང་དགོངས་འགྲེལ་ཁག་དེ་བཞིན་རྒྱུད་སྡེ་མ་ལུས་བོད་སྐད་དུ་བསྒྱུར་བའི་བློ་སྟོབས་དང་ལམ་སྟོན་སྩལ། མཐར་ལྕགས་བྱ། ཕྱི་ལོ་ ༨༤༡ ལོར་དགོངས་པ་མྱ་ངན་ལས་འདས།

9th Century

རྒྱ་ཡིག་ནང་བསྟན་གྱི་བཀའ་འགྱུར་པར་བསྐྲུན་ཞུས།

ཕྱི་ལོ་ ༩༨༣ ལོར་སི་ཁྲོན་པར་ཁང་དུ་རྒྱའི་ནང་བསྟན་གྱི་བཀའ་འགྱུར་ཐོག་མའི་པར་བསྐྲུན་ཞུས།

 

10th Century

འགྲོ་མགོན་བཀའ་བརྒྱུད་པའི་གྲུབ་མཐའ།

མར་པ་ལོ་ཙཱ་བ་ཆེན་པོ་ཆོས་ཀྱི་བློ་གྲོས། ༡༠༡༢ - ༡༠༩༧ བར་འགྲོ་མགོན་བཀའ་བརྒྱུད་པའི་གྲུབ་མཐའ་དབུ་ཚུགས།

11th Century

དཔལ་ས་སྐྱའི་གྲུབ་མཐའ།

འབྲོག་མི་ལོ་ཙཱ་བ་ཤཱཀྱ་གཞོན་ནུ། གླང་དར་མ་ནས་བརྩིས་པའི་གདུང་རབས་གསུམ་པ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱིས་རྒྱ་གར་དུ་བཏང༌། ལྷོ་བལ་དུ་ལོ་བཅུ་གསུམ་བསྡད་ནས་སླར་བོད་དུ་ལྡོག་སྟེ་མ་རྒྱུད་གཙོ་བོར་གྱུར་པའི་བཤད་སྒྲུབ་ཀྱི་བསྟན་པ་དར་བར་མཛད། གསང་སྔགས་གསར་མ་སྒྱུར་བའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན། རབ་བྱུང་དང་པོའི་ཤིང་འབྲུག་ཙམ་ལ་འདས།

 

11th Century

དཔལ་ནཱ་ལནྡཱའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཉམས་ཆག་ཏུ་སོང་བ།

དཔལ་ནཱ་ལེན་ནྡཱའི་གཙུག་ལག་སློབ་གཉེར་ཁང་ཉམས་ཆག་ཏུ་སོང་བས་རྒྱལ་བའི་ནང་བསྟན་ཉམས་དམས་སུ་གྱུར་པ།

12th Century

འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་འགྱུར་བྲིས་མ།

བོད་རབ་བྱུང་ལྔ་པའི་ལྕགས་ལུག ཕྱི་ལོ་ ༡༢༥༡ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་ལྟར་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བཀའ་འགྱུར་གསེར་བྲིས་མ་པོད་གྲངས་ ༡༡༥ ལྡན་པ་ཞིག་གསར་དུ་བཞེངས། དེ་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་འགྱུར་གསེར་བྲིས་མ་ཞེས་གྲགས་སོ།།

13th Century

སྣར་ཐང་བཀའ་འགྱུར་དང་བསྟན་འགྱུར་བྲིས་མ། 

ཕྱི་ལོ་ ༡༣༡༢ ལོར་བཅོམ་ལྡན་རིག་པའི་རལ་གྲི་མཆོག་ནས་རྒྱལ་བའི་གསུང་རབ་རྣམས་ཕྱོགས་སྒྲིག་མཛད་དེ་རྒྱལ་བའི་བཀའ་བསྟན་གྱི་དཀར་ཆག་བསྟན་པ་རྒྱས་པའི་རྒྱན་གྱི་མེ་ཏོག་ཅེས་པ་ཞིག་དང་བཀའ་འགྱུར་གྱི་དཀར་ཆག་ཉི་མའི་ཟེར་ཞེས་པ་ཁག་གཉིས་སྣར་ཐང་དགོན་དུ་གཏན་འབེབས་མཛད། མགོན་པོ་གང་ཉིད་སྐུ་མྱ་ངན་ལས་འདས་རྗེས་གང་གི་ཞལ་སློབ་འཇམ་སྒེག་པཀྵི་དང་ཡང་སློབ་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ལ་སོགས་པས་ཕྱི་ལོ་ ༡༣༡༥ ལོར་རྒྱལ་བའི་བཀའ་བསྟན་གཉིས་ཀྱི་བྲིས་མ་ཕྱོགས་སྒྲིག་མཛད་དེ་སྣར་ཐང་གཙུག་ལག་ཁང་དུ་བཞུགས་སུ་གསོལ།

 1312

ཚལ་པ་བཀའ་འགྱུར་གསེར་བྲིས་མ།

ཚལ་པ་ཀུན་དགའ་རྡོ་རྗེ་མཆོག་ནས་སྲིད་དབང་བཟུང་སྐབས། ཚལ་གུང་ཐང་དུ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་གདན་དྲངས་ཏེ་སྣར་ཐང་གི་བཀའ་འགྱུར་སོགས་སྐབས་དེར་འཇམ་མགོན་ཏང་དགོན་པར་བོད་དུ་ཡོད་པའི་བཀའ་འགྱུར་དུ་མར་ཞིབ་བསྡུར་མཛད་དེ། ལོ་ངོ་ཉེར་ལྔའི་ ( ཕྱི་ལོ་ ༡༣༢༣ - ༡༣༤༨ ) རིང་འབད་རྩོལ་ལྷོད་མེད་ཀྱི་རྒྱུན་བསྐྱངས་པ་ལས་གྲུབ་པའི་གསེར་དངུལ་འདྲེས་མའི་བཀའ་འགྱུར་པོད་ཉིས་བརྒྱ་དྲུག་ཅུ་བཞེངས་པ་དེར་ཚལ་པ་བཀའ་འགྱུར་ཞེས་གྲགས།

1323 – 1348 

རྗེ་ཙོང་ཁ་པ་ཆེན་པོ།

རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་དམ་བསྟན་པའི་སྣང་བྱེད་ཆེན་པོ།

 1357-1419

གཡུང་ལོའི་བཀའ་འགྱུར་ཤིང་པར་མ།

དུས་རབས་བཅོ་ལྔ་པའི་སྟོད་ཙམ་ལ་ཏཱ་མིང་རྒྱལ་རབས་ཀྱི་གོང་མ་གཡུང་ལོ་མཆོག་གི་ཞིང་གཤེགས་དམ་པ་ཡབ་ཡུམ་རྣམ་གཉིས་ཀྱི་སྐུ་དྲིན་འཚོབ་ཅིང་རྣམ་ཤེས་མཁའ་སྤྱོད་དུ་འདྲེན་པའི་དགེ་རྩའི་མཆོད་འབུལ་དང་། གཞན་ཡང་སེམས་ཅན་མཐའ་དག་སྡུག་བསྔལ་ལས་གྲོལ་ཞིང་ཕན་བདེ་བླ་ན་མེད་པ་ཐོབ་ཕྱིར་དམིགས་ཏེ། གོང་མ་མཆོག་ནས་༸རྒྱལ་མཆོག་ལྔ་པ་ཀརྨ་པ་དེ་བཞིན་གཤེགས་པར་སྙན་སྐུལ་ཞུས་པ་ལྟར། མགོན་པོ་མཆོག་ནས་ལིང་ཀོ་དགོན་དུ་སྣར་ཐང་གི་བཀའ་འགྱུར་བྲིས་མ་དང་ཚལ་པ་བཀའ་འགྱུར་བྲིས་མ་གཉིས་ལ་ཕྱི་མོར་བཅོལ་ནས་གཡུང་ལོའི་བཀའ་འགྱུར་གྱི་པར་ཤིང་ཡོངས་རྫོགས་ལེགས་པར་བཞེངས། པར་མ་འདི་ཉིད་ལ་ཁྱོན་བསྡོམས་པོད་གྲངས་ ༡༠༥ བཞུགས་ཡོད།

1410 

འཇང་ངམ་ལི་ཐང་བཀའ་འགྱུར་ཤིང་པར་མ།

ཕྱི་ལོ་ ༡༦༠༨ ལོར་ལི་ཐང་གི་གཙོ་སྐྱོང་ཀརྨ་མི་ཕམ་ཚེ་དབང་མཆོག་ནས་དཔལ་༸རྒྱལ་དབང་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེའི་བཀའ་དགོངས་ལམ་སྟོན་ལྟར། ལོ་དེའི་བོད་ཟླ་བཞི་པའི་ཚེས་ ༨ ཉིན་བཀའ་འགྱུར་སྤར་བརྐོའི་ལས་གཞི་དབུ་ཚུགས། དེ་སྐབས་ཞུ་ཆེན་པ་གཙོ་བོ་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་མཆོག་དང་། སི་ཏུ་སྐུ་ཕྲེང་ལྔ་པ་ཆོས་ཀྱི་རྒྱལ་མཚན་རྣམ་གཉིས་ནས་གཟིགས་པ་བླ་མེད་མཛད། ལས་གཞི་འདི་ཉིད་ལ་ལོ་ངོ་བཅུ་གསུམ་རིང་ཐོགས་ཤིང་། ཕྱི་ལོ་ ༡༦༢༡ ལོར་མཇུག་ལེགས་པར་གྲུབ། འཇང་བཀའ་འགྱུར་ལ་དཀར་ཆག་གི་རེའུ་མིག་འཐེ་བའི་ཡོངས་བསྡོམས་པོད་གྲངས་ ༡༠༩ བཞུགས། 

ཡུན་ནན་གྱི་ས་སྐྱོང་མིང་ཏིང་མཆོག་ནས་འགྲོ་གྲོན་གྱི་མཐུན་འགྱུར་གྱི་བླ་མེད་གཟིགས་སྐྱོང་འོག་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་མཆོག་ནས་འཇང་བཀའ་འགྱུར་འདི་ཉིད་ཀྱི་ཞུ་དག་དང་ཕྱོགས་སྒྲིག་དང་སྤར་སྐྲུན་གྱི་ཐུགས་འགན་བླ་མེད་བཞེས། ལས་དོན་འདི་ཉིད་ཚལ་པ་བཀའ་འགྱུར་གྱི་པར་མར་གཞི་བཅོལ། དུས་ཡུན་ལོ་ངོ་གསུམ་རིང་ཐོགས་ཏེ་ཕྱི་ལོ་ ༡༦༢༣ ལོར་ལེགས་པར་གྲུབ། འདི་ཉིད་བོད་དུ་ཤིང་པར་ཐོག་བཀོད་པའི་པར་མ་དང་པོ་ཡིན།

 1608

པེ་ཅིང་བཀའ་འགྱུར་ཤིང་པར་མ།

རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ (སྤྱི་ལོ་ ༡༦༨༣) ལོར་ཆིང་རྒྱལ་རབས་གཉིས་པ་གོང་མ་ཁང་ཤིས་སམ་བདེ་སྐྱིད་རྒྱལ་པོས་ཤིང་པར་དུ་བཞེངས་པའི་བཀའ་འགྱུར་ཏེ། པར་གཞི་དེ་ཉིད་གཡུང་ལོའི་དཔར་མ་དང་ཝན་ལི་དཔར་མ་གཉིས་ལ་གཞི་བཅོལ་ཏེ་པེ་ཅིང་སུང་ཀྲུའུ་དགོན་པར་བཀའ་འགྱུར་གྱི་པར་གཞི་བརྐོས་པར་མཛད། རབ་བྱུང་དེའི་ལྕགས་འབྲུག་(ཕྱི་ལོ་ ༡༧༠༠) ལོར་མཇུག་ལེགས་པར་གྲུབ་ཅིང་། འདི་ཉིད་ལ་ལོ་ངོ་བཅུ་གཉིས་ཀྱི་དུས་ཡུན་དུ་ཐོགས། བཀའ་འགྱུར་དེར་པོད་གྲངས་ ༡༠༧ བཞུགས་ཡོད།

1683 

སྣར་ཐང་བཀའ་འགྱུར་ཤིང་པར་མ།

ཕྱི་ལོ་ ༡༦༨༣ ལོར་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་དབུས་ཕྱོགས་སུ་བཀའ་འགྱུར་ཆ་ཚང་ཞིག་གསར་བཞེངས་དགོས་པའི་བཀའ་ཁྱབ་མཛད་དེ། ལོ་བདུན་ཙམ་རིང་རྒྱུན་བསྐྱངས་ཀྱང་མ་གྲུབ་པར་འཕྲོ་ཅན་དུ་ལུས། དེ་རྗེས་སྟག་རྩེ་ཞབས་དྲུང་ལྷ་རྒྱལ་རབ་བརྟན། དའི་ཆིང་པཱ་ཐུར་བསོད་ནམས་རྒྱལ་པོ་སོགས་ཀྱིས་ཀྱང་མཐའ་མ་འཁྱོལ་བར་ལུས། སྤྱི་ལོ་ ༡༧༣༠ ལོར་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་བདག་བཀོད་ཁྱབ་གནང་སྟེ་འཕྲོ་མཐུད་པའི་ལས་མགོ་ཚུགས་ཏེ། ༡༧༣༡ ལོར་ལེགས་འགྲུབ་བྱུང་སྟེ། པཎ་ཆེན་བློ་བཟང་ཡེ་ཤེས་ལ་པར་ཤིང་ཕུལ་ནས་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞུགས་པར་སྣར་ཐང་བཀའ་འགྱུར་དུ་གྲགས། བཀའ་འགྱུར་འདི་ཉིད་ལ་པོད་གྲངས་ ༡༠༢ བཞུགས་ཡོད། འདི་ཉིད་ཀྱི་པར་མ་དེང་སང་ལྷ་སའི་པོ་ཏ་ལའི་རྩེ་དང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དང་། ཨ་རིའི་གྲོས་ཚོགས་དཔེ་མཛོད་དང་། ཉི་ཧོང་རྒྱལ་སའི་དཔེ་མཛོད་དང་། ཕྱི་སོག་དང་དེ་བཞིན་ཨུ་རུ་སུའི་རྒྱལ་ཁབ་སོགས་ལའང་བཞུགས།

 1683

ཅོ་ནེའི་བཀའ་འགྱུར་ཤིང་པར་མ།

མདོ་སྨད་ཅོ་ནེ་རྒྱལ་རབས་བཅུ་གཅིག་པ་ཆོས་རྒྱལ་དམག་ཟོར་མགོན་པོས། རབ་བྱུང་བཅུ་གཉིས་པའི་ལྕགས་གླང་སྤྱི་ལོ་༡༧༢༡ ལོར་དབུ་བཙུགས་ནས་༡༧༣༡ ལོར་ཆ་ཚང་པར་དུ་བཞེངས་ཏེ། ཅོ་ནེ་དགོན་ཆེན་དུ་བཞུགས་པ་ལ་ཅོ་ནེ་བཀའ་འགྱུར་དུ་ཡོངས་སུ་གྲགས། 

1721 

པེ་ཅིང་བསྟན་འགྱུར།

བོད་རབ་བྱུང་བཅུ་གཉིས་པའི་སྨད་ཙམ་ཏེ། རྒྱ་ནག་གོང་མ་གཡུང་ཊི་ཁྲི་ལོ་གཉིས་པ་ (ཕྱི་ལོ་ ༡༧༢༤) ལོར་དབུ་བརྩམས་ཤིང་། ལྷ་སྐྱོང་ཁྲི་ལོ་གསུམ་པར་ (ཕྱི་ལོ་ ༡༧༣༨) ལོར་པོད་གྲངས་ ༢༢༥ རྣམས་མཇུག་ལེགས་པར་གྲུབ་པར་བགྱིས་ཏེ་པེ་ཅིང་གོང་མའི་ཕོ་བྲང་དུ་བཞུགས་སུ་གསོལ་བ་ལ་པེ་ཅིང་བསྟན་འགྱུར་ཞེས་མཚན་གསོལ།

kangyur

 1724

སྡེ་དགེ་བཀའ་འགྱུར་ཤིང་པར་མ།

དུས་རབས་བཅུ་གསུམ་པ་ལྕགས་ལུག ཕྱི་ལོ་ ༡༢༥༡ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་ལྟར་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བཀའ་འགྱུར་གསེར་བྲིས་མ་པོད་གྲངས་ ༡༡༥ ལྡན་པ་ཞིག་གསར་དུ་བཞེངས། དེ་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་འགྱུར་གསེར་བྲིས་མ་ཞེས་གྲགས།

1729 

སྡེ་དགེ་བསྟན་འགྱུར།

བོད་རབ་བྱུང་བཅུ་གཉིས་པའི་མེ་མོ་སྦྲུལ། ཕྱི་ལོ་ ༡༧༣༧ ལོར་ཁམས་སྡེ་དགེའི་རྒྱལ་པོའི་གདུང་རབས་ཞེ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་བགྱིས་ཏེ་པར་དུ་བརྐོ་བའི་དབུ་བརྩམས། ངོར་ཆེན་ཁྲི་རབས་སུམ་ཅུ་པ་འཇམ་དབྱངས་བཀྲིས་ལྷུན་གྲུབ་མཆོག་གི་བཀའ་འགྱུར་གྱི་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་འཚལ་པར་དུ་བསྒྲུབ་པར་བསྐུལ་བ་ལྟར། གླེགས་བམ་བདུན་ཙམ་གྲུབ་མཚམས་ཆོས་རྒྱལ་དགོངས་པ་རྫོགས་ཀྱང་། དེའི་སྲས་སྡོམ་བརྩོན་རྒྱལ་པོའི་ཚུལ་ཅན་བླ་མ་ཀུན་དགའ་འཕྲིན་ལས་རྒྱ་མཚོས་པར་བརྐོའི་ལས་མཇུག་མཐར་ཕྱིན་པར་བསྐྱངས་ནས་རབ་བྱུང་བཅུ་གཉིས་པའི་ཤིང་བྱི། ཕྱི་ལོ་ ༡༧༤༤ ལོ་སྟེ་བགྲང་བྱ་བདུན་གྱི་རིང་ལ་ཞུས་དག་དང་བཅས་པོད་གྲངས་ ༢༠༩ ལེགས་པར་གྲུབ། ཕྱིས་སུ་སྣ་ཚོགས་སྡེ་ཚན་གྱི་པོད་ཐོ། དོ། ནོ། པོ་དང་དཀར་ཆག་ཤྲཱིཿབཅས་སླར་བརྐོས་ཏེ་བསྟན་འགྱུར་འདིའི་ཁར་བསྣན་པས་པོད་གྲངས་ ༢༡༣ དུ་གྱུར། བསྟན་འགྱུར་འདིའི་ཕྱི་མོ་ནི། འགྲོ་མགོན་ཆོས་འཕགས་ཀྱི་སློབ་མ་སྒ་ཨ་གཉན་དམ་པའམ་ཨ་གཉན་པཀྵི་ཞེས་ཡོངས་སུ་གྲགས་པ་ཞིག་གིས་ཞ་ལུའི་དཔེ་ལྟར་བཞེངས་པའི་བསྟན་འགྱུར་ཞིག་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཞྭ་དམར་ཆོས་གྲགས་ཀྱིས་བཞེངས་པའི་དཔེ་ལྟར་བཞེངས་པའི་བྲིས་མ་དང་། ཀརྨ་པ་ན་རིམ་གྱི་ཐུགས་དམ་གྱི་རྟེན་ཆོས་རྒྱལ་བསྟན་པ་ཚེ་རིང་ལ་སྩལ་བའི་བསྟན་འགྱུར་དང་། ཆོས་རྒྱལ་རང་ཉིད་ཀྱིས་མཐིང་ཤོག་དངུལ་བྲིས་ཀྱིས་བཞེངས་པའི་བསྟན་འགྱུར་རྣམས་བསྡུར་ཞིང་ཞུས་ནས་པར་དུ་བསྒྲུབས་པ་ཡིན་ལ། མཁས་དབང་ཚུལ་ཁྲིམས་རིན་ཆེན་གྱིས་བསྟན་འགྱུར་འདིའི་ཞུས་ཆེན་མཛད་པ་དང་དེའི་དཀར་ཆག་ཆེས་རྒྱས་པ་ཞིག་ཀྱང་གསར་བརྩམས་མཛད།

 1737

སྣར་ཐང་བསྟན་འགྱུར།

མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་བདག་མཛད་དེ། བོད་རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ལོའི་ཧོར་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་(ཕྱི་ལོ་ ༡༧༤༡) དབུ་བརྩམས་ཤིང་། ཆུ་ཁྱི་ལོའི་ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་སྟེ་བགྲང་བྱ་གཅིག་དང་ཟླ་བདུན་གྱི་རིང་ལ་མཇུག་རྫོགས་པར་བགྱིས། བསྟན་འགྱུར་འདི་ལ་པོད་གྲངས་ ༢༢༥ བཞུགས་ཡོད་པ་དང་། དེ་ཉིད་ཀྱི་པར་ཕུད་ཆ་གཅིག་༸གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་རྗེ་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ལ་ཕུལ་ཡོད་པ་དང་། བསྟན་འགྱུར་གྱི་པར་ཤིང་རྣམས་སྣར་ཐང་དགོན་དུ་བཞུགས་ཡོད་ཀྱང་། རིག་གནས་གསར་བརྗེའི་དུས་འགྱུར་སྐབས་པར་ཤིང་དུ་མ་ཉམས་དམས་སུ་སོང་། སླར་ཡང་ཕྱིས་སུ་སྣར་ཐང་བསྟན་འགྱུར་གྱི་པར་མ་ལ་གཞི་བཅོལ་ནས་ཉམས་དམས་སུ་སོང་བའི་པར་ཤིང་རྣམས་བསྐྱར་དུ་གསར་བརྐོས་མཛད་ཡོད། 

1741-1742 

ཅོ་ནེའི་བསྟན་འགྱུར།

ཅོ་ནེའི་མི་དབང་འཇམ་དབྱངས་ནོར་བུའི་བཙུན་མོ་རིན་ཆེན་དཔལ་འཛོམས་དང་། དེའི་སྲས་ཅོ་ནེའི་དཔོན་རབས་བཅུ་བཞི་པ་བསྟན་སྲུང་ཚེ་རིང་ཡུམ་སྲས་ཟུང་གིས་སྦྱིན་བདག་མཛད་དེ། བོད་རབ་བྱུང་བཅུ་གསུམ་པའི་ཆུ་མོ་བྱའི་ལོར་ (ཕྱི་ལོ་ ༡༧༥༣) དབུ་ཚུགས་ཤིང་། ཆུ་མོ་འབྲུག་ (ཕྱི་ལོ་ ༡༧༧༢) གི་བར་ཏེ་བགྲང་བྱ་ཉི་ཤུའི་ངོ་མཐོང་བར་བརྩོན་པ་ཆེན་པོས་པར་དུ་བསྒྲུབས། བསྟན་འགྱུར་འདིའི་ཕྱི་མོ་སྡེ་དགེ་བསྟན་འགྱུར་ལ་གཞི་བཅོལ་བར་འཇམ་བཞད་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོས་ཆུ་མོ་སྦྲུལ་གྱི་ལོར་ (ཕྱི་ལོ་ ༡༧༧༣) ཕྱོགས་སྒྲིག་མཛད་པའི་དཀར་ཆག་ཏུ་གསལ་བར་འཁོད་ཡོད།

 1773

ཁུ་རེའི་བཀའ་འགྱུར་ཤིང་པར་མ།

དུས་རབས་ཉི་ཤུ་པའི་འགོ་སྟོད་དུ་ཕྱི་སོག་ཏཱ་ཁུ་རེའི་ཆོས་སྡེ་ཆེན་མོར་སྡེ་དགེའི་བཀའ་འགྱུར་གྱི་པར་མ་གཞིར་བཟུང་ནས་ཁུ་རེའི་བཀའ་འགྱུར་གྱི་པར་མ་གསར་བསྐྲུན་ཞུས། དེ་ཉིད་སྡེ་དགེ་བཀའ་འགྱུར་དང་ཕྱོགས་མཚུངས་པར་པོད་གྲངས་ ༡༠༣ གྱི་གྲངས་ལྡན་དུ་བཞུགས་ཤིང་། བཀའ་འགྱུར་དེ་ཉིད་ཏཱ་ཁུ་རེའི་དགོན་དུ་གསུང་རྟེན་གྱི་གཙོ་བོར་བཞུགས་ཡོད།

 1908

ལྷ་ས་བཀའ་འགྱུར་ཤིང་པར་མ།

ཕྱི་ལོ་ ༡༩༢༠ - ༡༩༣༤ དབར། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དང་། སྐྱབས་རྗེ་འབྲི་གུང་སྒོ་ལྕོག་སྤྲུལ་སྐུ་རྣམ་གཉིས་ནས་སྣར་ཐང་པར་མ་དང་རྒྱལ་རྩེའི་ཐེམ་སྤང་མ། སྡེ་དགེའི་བཀའ་འགྱུར་སོགས་མ་དཔེ་ཁུངས་ཐུབ་རྣམས་གཞིར་བཟུང་ནས་ལྷ་ལྡན་དུ་པར་དུ་བཞེངས་པའི་དབུ་བརྩམས་ཀྱང་། ཡུན་མི་རིང་བར་༸རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་མཆོག་དང་སྒོ་ལྕོག་སྤྲུལ་སྐུ་རྣམ་གཉིས་སྔ་ཕྱིར་རིམ་གཤེགས་ཀྱིས་རྐྱེན་པས་པར་བཞེངས་ཀྱི་བྱ་བ་འཕྲོ་ལུས་སུ་གྱུར་སྟབས། ཕྱིས་སུ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་༸རྒྱལ་བའི་གཅུང་སྲིད་བློན་ཀུན་དགའ་དབང་ཕྱུག་རྣམ་གཉིས་ཀྱིས་འཕྲོ་སྐྱོང་མཛད་པར་བརྟེན། བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ (ཕྱི་ལོ་ ༡༩༣༤) ལོར་བཀའ་འགྱུར་པོད་གྲངས་བརྒྱ་ཕྲག་ཅིག་གི་གྲངས་ལྡན་དུ་པར་གཞི་ལེགས་པར་གྲུབ། པར་གཞི་དེ་ཉིད་ཕོ་བྲང་པོ་ཏ་ལའི་འདབས་ཞོལ་གངས་ཅན་ཕན་བདེའི་གཏེར་མཛོད་གླིང་དུ་བཞུགས་པ་ལ་ལྷ་སའམ་ཞོལ་པར་མ་ཞེས་ཡོངས་སུ་གྲགས། མཚན་ཞབས་སྟག་བྲག་སྤྲུལ་སྐུ་དང་དགེ་བཤེས་ཤེས་རབ་སོགས་དགེ་བའི་བཤེས་གཉེན་མཁས་དབང་དུ་མས་ཞུས་དག་ལེགས་པར་མཛད།

 

1920 - 1934 
བོད་ཡིག