གསུང་འབུམ།
ཟླ་བདུན་པ། 10, 2020 2024-10-09 7:43Sungbum
གསུང་འབུམ།
བོད་རྒྱུད་ནང་བསྟན་གསུང་འབུམ་ཁག
རྙིང་མ།
ས་སྐྱ།
• བསོད་ནམས་རྒྱལ་མཚན་གྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ས་སྐྱ་ལོ་ཙཱ་ཆེན་པོའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་གྲགས་པ་རྒྱལ་མཚན་གྱི་བཀའ་འབུམ། (ཡིག་ཆ། / རྣམ་ཐར།)
• དཔལ་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ལོ་ཙཱ་བ་ཆེན་པོ་མགོས་ཁུག་པ་ལྷས་བཙས་ཀྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• བཅོམ་ལྡན་རིག་པའི་རལ་གྲིའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• རྒྱལ་ཚབ་རྗེའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ཀླུ་སྒྲུབ་རྒྱ་མཚོའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ངོར་མཁན་པོ་དཔལ་ལྡན་དོན་གྲུབ་ཀྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• སངས་རྒྱས་ཕུན་ཚོགས་ཀྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• སྒ་སྟོན་ངག་དབང་ལེགས་པའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• བླ་མ་ཁ་ཤས་ཀྱི་རྣམ་པར་ཐར་པའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• སྔོན་བྱོན་ས་སྐྱ་པའི་མཁས་པ་རྣམས་ཀྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• སྔོན་བྱོན་པའི་ས་སྐྱ་པའི་མཁས་པ་རྣམས་ཀྱི་རྒྱུད་འགྲེལ་སྐོར། (ཡིག་ཆ། / རྣམ་ཐར།)
• སྔོན་བྱོན་པའི་ས་སྐྱ་པའི་མཁས་པ་རྣམས་ཀྱི་སྔགས་སྐོར། (ཡིག་ཆ། / རྣམ་ཐར།)
• ཚར་ཆེན་བློ་གསལ་རྒྱ་མཚོའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ཤངས་པ་བཀའ་བརྒྱུད་ཀྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• རྒྱུད་སྡེ་ཁག་གཅིག་ཕྱོགས་བསྒྲིགས་ཀྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• པོད་ཆེན་དྲུག་གི་རྩ་བའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• བློ་སྦྱོང་བའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ཀུན་མཁྱེན་གོ་རམས་པའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
བཀའ་བརྒྱུད།
• ཏི་ལོ་པའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• རྗེ་ནཱ་རོ་པའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• རྗེ་མར་པའི་བཀའ་འབུམ། (ཡིག་ཆ། / རྣམ་ཐར།)
• རྗེ་མི་ལའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• རྗེ་སྒམ་པོ་པའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• དུས་གསུམ་མཁྱེན་པའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• མཚུངས་མེད་མི་བསྐྱོད་རྡོ་རྗེའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
ཇོ་ནང་།
• ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ཆོས་གྲགས་དཔལ་གྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ལོ་ཙཱ་བ་བློ་གྲོས་དཔལ་གྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ཉ་དབོན་ཀུན་དགའ་དཔལ་གྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ཞང་སྟོན་བསོད་ནམས་གྲགས་པའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• གྷ་རུང་པ་ལྷའི་རྒྱལ་མཚན་གྱི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• མཚལ་མིན་པ་བསོད་ནམས་བཟང་པོའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ཀུན་དགའ་ཡེ་ཤེས་རྒྱ་མཚོའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• ངག་དབང་བློ་གྲོས་གྲགས་པའི་་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
• རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་གསུང་འབུམ། (ཡིག་ཆ། / རྣམ་ཐར།)
དགེ་ལྡན།
རིན་ཆེན་གཏེར་མཛོད།
བོད་བརྒྱུད་ནང་བསྟན་གསུང་རབ་ཁག་ངོ་སྤྲོད་མདོར་བསྡུས་ནི།
༄༅། །བོད་ཡུལ་ཁ་བ་ཅན་དུ་སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་ནི། རྒྱལ་པོ་ཐོ་ཐོ་རི་ནས་གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་ལ་ཕྱག་རྗེས་ཆེ་ཞིང་འགྲོ་བ་རྣམས་ལ་བཀའ་དྲིན་ཆེ་ཤོས་ནི་ཆོས་རྒྱལ་མེས་དབོན་དུ་གྲགས་པ་དེ་དག་དང༌། དེའི་ནང་ནས་ཀྱང་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་གཉིས་ཆེས་བཀའ་དྲིན་ཕུལ་དུ་བྱུང་ཞིང༌། པཎྜི་ཏ་ཞི་བ་འཚོ་དང་སློབ་དཔོན་པད་མ་འབྱུང༌གནས། ལོ་ཙཱ་བ་ཐོན་མི་བཻ་རོ་སྐ་ཅོག་ཞང་གསུམ་རྣམས་བཀའ་དྲིན་དང་ངོ་མཚར་ཆེའོ། །ཁྱད་པར་སློབ་དཔོན་ཆེན་པོ་པདྨས་རྗེ་འབངས་ཉེར་ལྔ་སོགས་སྔགས་བླ་མེད་ཀྱི་ཐེག་པས་རྗེས་སུ་བཟུང་སྟེ་གྲུབ་ཆེན་བགྲང་བ་ལས་འདས་པ་བྱུང༌། ཆོས་དང་ནོར་གྱི་གཏེར་ཁ་དཔག་ཏུ་མེད་པ་སྦས།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཆེ་བ་མུ་ནེ་བཙན་པོ། འབྲིང་བ་མུ་རུབ་བཙན་པོ། ཆུང་བ་མུ་ཏིག་བཙན་པོ་རྣམས་ཀྱིས་ཀྱང་བསྟན་པ་སླར་སྤེལ་ཞིང༌། ཁྱད་པར་མུ་ནེ་བཙན་པོ་ལ་སྲས་ཁྲི་རལ་པ་ཅན་ནམ། ཁྲི་ལྡེ་གཙུག་བརྟན་གྱིས་གཙུག་ལག་ཁང་སྟོང་རྩ་བཞེངས་པར་གྲགས། རྒྱ་གར་ནས་སུ་རེནྡྲ་བོ་དྷི་སོགས་པཎྜི་ཏ་མང་པོ་སྤྱན་དྲངས། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང་དྷརྨ་ཏཱ་ཤཱི་ལ་ལ་སོགས་པས་ཐེག་པ་ཆེ་ཆུང་གི་གསུང་དང་། ཡབ་མེས་ཀྱི་དུས་སུ་བསྒྱུར་བའི་གསུང་རབ་ཕལ་ཆེར་སྐད་གསར་བཅད་ཀྱིས་གཏན་ལ་ཕབ།
བོ་དྷི་ས་ཏྭས་མཁན་པོ་མཛད་དེ། སད་མི་མི་བདུན་བོད་ཀྱི་རབ་བྱུང་ཐོག་མ་དང་། དེ་ནས་སྐ་བ་དཔལ་བརྩེགས་སོགས་ལོ་ཙཱ་བ་བརྒྱ་རྩ། ཅོག་རོ་ཀླུའི་རྒྱལ་མཚན་སོགས་མཆན་བུ་སྟོང་རྩ་སྟེ། སྐྱེས་མཆོག་སྤྲུལ་པའི་སྐུ་ལོ་ཙཱ་བ་དང་བཙུན་པ་བགྲང་བ་ལས་འདས་པ་དང་། བོད་ཀྱི་ཡུལ་འདིར་སྒྲུབ་བརྒྱུད་ཀྱི་རིང་ལུགས་འདྲེན་པ་བསྡུ་ན་ཤིང་རྟ་ཆེན་པོ་བརྒྱད་དེ། སྔ་འགྱུར་རྙིང་མ། བཀའ་གདམས་པ། ལམ་འབྲས་པ། མར་པའི་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། ཞི་བྱེད་ཡན་ལག་དང་བཅས་པ། སྦྱོར་དྲུག་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་པའི་ལུགས་རྣམས་སོ། །མདོར་ན་མཁས་གྲུབ་ཆེན་པོ་དེ་དག་གིས་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་སྒྲུབ་བརྒྱུད་ཤིང་རྟ་རྣམས་ཀྱི་གླེགས་བམ་རྣམས་དང་། བོན་གྱི་གླེགས་བམ་བཅས་ཕྱོགས་གཅིག་ཏུ་བསྡུས་པའོ།། །།
སྔ་འགྱུར་རྙིང་མའི་ལོ་རྒྱུས།
༄༅། །མངའ་བདག་རྒྱལ་པོ་མེས་དབོན་རྣམ་གསུམ་གྱི་རིང་ལ་དམ་པའི་ཆོས་བོད་ཡུལ་དུ་བྱུང་བ་ཡིན་ཏེ། བོད་རྒྱལ་ཉེར་བདུན་པ་ལྷ་ཐོ་ཐོ་རི་སྙན་ཤལ། དེའི་སྐུ་རིང་ལ་སྤྱི་ལོ་༤༣༣པའི་ལོར་དམ་པའི་ཆོས་ཀྱི་དབུ་བརྙེས། སྤྱི་ལོ་༦༡༧པར་བོད་ཀྱི་རྒྱལ་རབས་སོ་གཉིས་པ་ཆོས་རྒྱལ་མེས་སྲོང་བཙན་སྒམ་པོའི་སྐུ་རིང་ལ་དམ་པའི་ཆོས་ཀྱི་སྲོལ་བཏོད། །རྒྱལ་རབས་སོ་བདུན་པ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྟག་གི་ལོ་ལ་ཟ་ཧོར་གྱི་མཁན་ཆེན་བོ་དྷི་སཏྭ། དེ་ནས་མེས་སློབ་དཔོན་པདྨ་འབྱུང་གནས་བོད་དུ་སྤྱན་དྲངས། སྤྲུལ་བའི་མཁན་སློབ་ཆོས་གསུམ་གངས་ཅན་བོད་ཀྱི་ཡུལ་དུ་ཞལ་འཛོམས་དུས་གཅིག་ལ་བྱུང་ནས། བོད་ཕྲུག་བློ་གསལ་རྣམས་ལ་ལོ་ཙཱ་བསླབས། མཁན་ཆེན་ཞི་བ་འཚོས་སད་མི་མི་བདུན་རབ་ཏུ་བྱུང་སྟེ་བསྟན་རྩ་དགེ་འདུན་གྱི་སྡེ་བཙུགས་སོགས་ཀྱི་མཛད་པ།
མདོར་ན་བསྟན་པ་སྔ་དར་ཞེས་མདོ་སྔགས་ཟུང་དུ་འབྲེལ་བའི་རྒྱལ་བསྟན་རིན་པོ་ཆེ་གངས་ཅན་འགྲོ་བའི་སྤྱི་དཔལ་དུ་ཤར་བ་ནི། ཆོས་རྒྱལ་མེས་དབོན་རིམ་བྱོན་དང༌། མཁན་སློབ་ཆོས་གསུམ། སྐ་ཅོག་ཞང་གསུམ་སོགས་སྔ་འགྱུར་ལོ་པཎ་དམ་པའི་བཀའ་དྲིན་དང་ཐུགས་བསྐྱེད་ཀྱི་མཐུ་ཁོ་ནར་ངེས་པ་ཡོངས་སུ་གྲགས་པ་ལྟར་རོ། །
གཉིས་པ་བསྟན་པ་ཕྱི་དར་གྱི་མེ་རོ་ཇི་ལྟར་བསླང་བའི་ཚུལ། སྔགས་འཆང་རྒྱལ་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་གོས་དཀར་ལྕང་ལོ་འཛིན་པ་རྣམས་ཀྱིས་སྔགས་སྔ་འགྱུར་གྱི་བསྟན་པ་འདི། བརྒྱུད་ཚུལ་གྱི་བབས་ལུགས་ཆེན་མོ་གསུམ་ལ་བརྟེན་ནས། རིམ་པར་བརྒྱུད་དེ་ཐ་མ་ཟུར་ལ་བབས་ཏེ། གནུབས་ཆེན་ནས་རིམ་པར་བརྒྱུད་དེ་ཟུར་པ་མེས་དབོན་གསུམ་ཞེས་འཇིག་རྟེན་ན་སྙན་པར་གྲགས་པ་ལ་བཀའ་བབས་ཏེ། གདུང་བརྒྱུད་སློབ་བརྒྱུད་མཐའ་ཡས་པ། གདན་ས་ཆེན་པོ་དྲུག་སོགས་སྔ་འགྱུར་ཆོས་སྡེ་ཁག་ཏུ་བཀའ་མས་གཞུང་བསྲངས། གཏེར་མས་ཟུར་བརྒྱན་ཅེས་པ་ལྟར་བཀའ་གཏེར་སྨིན་ཁྲིད་སྒྲུབ་ཕྲིན་དང་བཅས་པའི་ཕྱག་བཞེས་ཟམ་མ་ཆད་པ་དར་ཞིང་རྒྱས་ལ་རྒྱུན་མ་ཆད་པ་བྱུང༌། ཐོག་མར་ལོ་ཆེན་རིན་ཆེན་བཟང་པོ་དང༌། དེ་ནས་རྔོག་ལོ་བློ་ལྡན་ཤེས་རབ་ཀྱིས་རྒྱུད་དང་དགོངས་འགྲེལ་གྱི་བསྟན་བཅོས་དཔག་ཏུ་མེད་པ་བསྒྱུར་ནས་བཤད་རྒྱུན་ཕལ་མོ་ཆེའི་སྲོལ་བཏོད།
ཕྱི་དར་བསྟན་པའི་མེ་རོ་སླར་ཡང་གསོས་པ་ནས། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་དང༌། རྫོགས་ཆེན་རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་གནས་བརྟན་འདུལ་འཛིན་ཆེན་པོ་ཟམ་མ་ཆད་པར་བྱོན་པ་དག་གི་བཀའ་དྲིན་ལས་སྨད་འདུལ་སྔ་འགྱུར་གྱི་སྡོམ་རྒྱུན་ལས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་སྡེ་ཆེན་པོས་སའི་ཁྱོན་ཀུན་ཁྱབ་བཞིན་པ་དང་། གྲུབ་དབང་རྫོགས་ཆེན་པའི་མཁན་རབས་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་དག་གི་ཐུགས་བསྐྱེད་ཕྲིན་ལས་འགྲན་ཟླ་དང་བྲལ་བའི་མཐུ་ལས། རིང་ལུགས་དྲི་མ་མེད་པ་འཛིན་པའི་འཕགས་བོད་སྔ་འགྱུར་གྱི་ཆོས་སྡེ་ཆེན་མོ་ཁག་ཙམ་དུ་མ་ཟད་ས་བཀའ་སོགས་གྲུབ་མཐའ་གཞན་པའི་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་འགའ་ལ་བཤད་རྒྱུན་འཕེལ་ཏེ་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་དབང་གྲངས་ཀྱིས་མི་ལོངས་པས་འཛམ་གླིང་ཁྱོན་ཀུན་ཁྱབ་དང་ཁྱབ་བཞིན་པའི་ཚུལ་ཡང་ད་ལྟའི་བར་དུ་བྱུང་བཞིན་པ་ཡིན་ནོ།། །།
འཇུ་མི་ཕམ་གྱི་གསུང་འབུམ།
༄༅། །འཇམ་མགོན་མི་ཕམ་རྒྱ་མཚོའི་བཀའ་འབུམ།
༄༅། །འཇུ་མི་ཕམ་རྒྱ་མཚོ་ནི། རིགས་ནི་འཇུ། རུས་ནི་ཨ་ལྕགས་འབྲུའི་ཁོངས་སུ་གཏོགས་པ། ཡབ་འཇུ་མགོན་པོ་དར་རྒྱས་ཞེས་པ་དང་། ཡུམ་སྡེ་དགེའི་དཔོན་རུ་དཔོན་ཆོས་དར་གྱི་བུ་མོ་སྲིང་ཆུང་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་བཞི་པའི་མེ་ཕོ་རྟ་ཡི་སྤྱི་ལོ་༡༨༤༦ ལ་ཡུལ་མདོ་ཁམས་ཆུ་བཞི་སྒང་དྲུག །སྡེ་དགེར་ཡ་ཆུའི་དིང་ཆུང་ལ་སྐུ་འཁྲུངས། ཉིད་ཀྱི་ཁུ་བོ་དཔོན་བླ་མ་སྒྲུབ་མཆོག་པདྨ་དར་རྒྱས་ཀྱིས་མི་ཕམ་རྒྱ་མཚོ་ཞེས་པའི་མཚན་གསོལ། དགུང་ལོ་དྲུག་པ་ནས་ཡབ་དང་ཞང་པོ་སོགས་ཀྱི་མདུན་ནས་འབྲི་ཀློག་དང་། རྩིས་སྐར་ནག་གི་སྔོན་འགྲོ་བཅས་སྦྱངས། དགུང་ལོ་བཅུ་པ་ནས་གསུང་རྩོམ་ཐུང་ངུའང་ཅི་རིགས་མཛད། དགུང་ལོ་བཅུ་གཉིས་པར་རྙིང་དགོན་གསང་སྔགས་ཆོས་གླིང་དུ་གྲྭ་བཙུན་མཛད།
དགུང་ལོ་བཅོ་བརྒྱད་པར་ཞང་པོ་དང་ལྷན་དུ་ལྷ་ལྡན་དུ་ཕེབས། ཁོང་གི་རྩ་བའི་བླ་མ་སྐྱབས་མགོན་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། གཞན་ཡང་དབང་ཆེན་དགྱེས་རབ་རྡོ་རྗེ། དཔལ་སྤྲུལ་འཇིགས་མེད་ཆོས་དབང་སོགས་མཁས་པ་མང་པོ་སློབ་དཔོན་དུ་མ་བསྟེན་ནས་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། ཟབ་གནད་མཐའ་དག་སྔ་འགྱུར་གྱི་བརྒྱུད་པ་རིན་པོ་ཆེ་རྣམས་ནས་བརྒྱུད་པའི་ཆོས་ཚུལ་ཁོ་ན་ལ་ཡོད་པར་མཐོང་ཞིང་ངེས་ཤེས་ལྷག་པར་སྐྱེས་པ་ཡིན།ལྷག་པར་དུ་བཟོ་དང་གསོ་བ་རྩིས་རིག་སྐོར་མཛད་རྗེས་སྔ་ན་མེད་པ་བསྐྲུན། མཁས་པའི་གྲགས་པ་རྒྱལ་ཁབ་ཡོངས་སུ་ཁྱབ་བོ། །སྐབས་དེར་མཁྱེན་བརྩེ་རིན་པོ་ཆེས་རང་ལུགས་ཀྱི་ཡིག་ཆ་རེ་ཡང་གྱིས་ཞེས་བཀའ་ཕེབས་པས། བླ་མའི་བཀའ་སྒྲུབ་པ་དང་རང་གི་བློ་གྲོས་གོམས་ཆེད་མདོ་སྐོར་སོགས་ཀྱི་ཡིག་ཆ་ཡང་བྲིས་ཤིང་། ཕྲན་གྱིས་འདོན་ཆ་སོགས་རྩོམ་རིགས་འདི་ལ་དགོས་པ་ཁྱད་པར་བ་རེ་དང་མ་འབྲེལ་བར་རང་བཞིན་གྱིས་བྲིས་པ་ནི་གཅིག་ཀྱང་མེད་པས་སུས་བཏོན་ཡང་ཕན་ཡོན་དང་བྱིན་རླབས་ཆེ་བར་ཡོད་པར་གསུངས། ཁོང་གི་བཞུགས་གནས་གཙོ་བོ། དཀར་མོ་སྟག་ཚང་དགོན་དང་། འཇུ་རི་ཁྲོད། ལྡན་ཁོག་དིང་མགོ་རི་ཁྲོད་བཅས་ཡིན། ། དགུང་གྲངས་དྲུག་ཅུ་རེ་བདུན་དུ་ཆུ་བྱི་ལོ་སྤྱི་ལོ་༡༩༡༢ ཟླ་བ་དང་པོའི་ཚེས་ཉེར་དགུའི་ཉིན་གཟའ་པ་སངས་དང་སྐར་མ་སྣར་མ་འཆར་གྱི་དུས་སུ་སྐུ་གཤེགས་སོ།། །།
དཔལ་ལྡན་ས་སྐྱ་པ་ལམ་འབྲས་བུ་དང་བཅས་པའི་ལོ་རྒྱུས།
༄༅། །ས་ལུགས་ཞེས་གྲགས་པ་ནི། ས་ཆའི་ཁ་དོག་ལ་བརྟེན་ནས་དགོན་པའི་མིང་ལ་ས་སྐྱ་དགོན་པ་ཟེར། དེ་ཡང་འཁོན་དཀོན་མཆོག་རྒྱལ་པོས་དང་པོའི་ཆུ་གླང་སྤྱི་ལོ་༡༠༧༣ལོར་དགོན་པ་བཏབ་ནས་གནས་གཞི་བཟུང་ཞིང་། འཁོན་གྱི་གདུང་རྒྱུད་ས་ཆེན་ཀུན་དགའ་སྙིང་པོ་སོགས་རིམ་པར་བྱོན་ཏེ་ས་སྐྱ་པའི་གྲུབ་མཐའ་དར་རྒྱས་བྱུང་ལ་མིང་ལ་ས་སྐྱ་པ་ཞེས་ཐོགས་པ་ཡིན།
དཔལ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་ལ་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ནས་བརྒྱུད་པའི་ཀྱཻ་རྡོར་རྒྱུད་གསུམ། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ་ནས་བརྒྱུད་པའི་བདེ་མཆོག ། ལོ་ཆེན་རིན་ཆེན་བཟང་པོ་ནས་རྒྱུད་པའི་ཡོ་ག་དང་མགོན་པོ། བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་སྒྲུབ་ཐབས་བརྒྱ་རྩ་སོགས་ལོ་ཙཱ་ཆེན་པོ་བཞི་ནས་བརྒྱུད་པའི་གདམས་ངག་གི་བཀའ་བབས། ཁྱད་པར་དགུང་ལོ་ཞེ་བདུན་པ་ལ་རྗེ་བཙུན་བི་རཱུ་པ་ལས་ལྕགས་རིའི་ཁོངས་ལས་མི་འདའ་བའི་ཟབ་ཆོས་བཞི། རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་དབང་བཤད་མན་ངག ། ལམ་འབྲས་ཉེ་བརྒྱུད་སྦས་བཤད་བཅས་སྩལ། གངས་ལྗོངས་སུ་དར་བའི་སྡེ་སྣོད་ཟབ་དོན་རྒྱ་མཚོའི་བཀའ་བབས་ཤིང་བསྟན་པའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་པོར་གྱུར། སློབ་མ་ལ་གྲུབ་པ་ཐོབ་པ་གསུམ། བཟོད་ཐོབ་བདུན། རྟོགས་པ་དང་ལྡན་པ་བརྒྱད་ཅུ་བྱོན། འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི། རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་ཕྱག་རྗེས་ཆེ་ཞིང༌། ཆོས་སྲིད་ཀྱི་མངའ་ཐང་ཆེ་བས་བོད་ཆོལ་ཁ་གསུམ་གྱི་བདག་པོར་གྱུར། བོད་ལ་བླ་མས་རྒྱལ་པོ་གནང་བའི་ཐོག་མ་ཡིན། །
དེ་ཡང་ས་སྐྱ་གོང་མ་རྣམ་ལྔ་དང༌། འཇམ་དབྱངས་བདུན་བརྒྱུད་དང་རིགས་གསུམ་རྣམ་འཕྲུལ། གསུང་ངག་འཛིན་པའི་ཐུགས་སྲས་བརྒྱད་ལས། བརྒྱུད་པའི་གྲུབ་ཆེན་བུདྡྷ་ཤྲཱི་ལས་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་གསན། ཕྲིན་ལས་ཀྱི་རྒྱུན་ད་ལྟའི་བར་དུ་ཡོངས་སུ་གྲགས་པ་དང༌། སྔགས་འཆང་གཟུངས་ཀྱི་དཔལ་བ་ལས་བརྒྱུད་པ་ལ་ལམ་འབྲས་རྫོང་ལུགས་ཞེས་གྲགས་ཤིང༌། དེའི་རྒྱུན་ལས་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་བ་བྱོན་ཏེ་གངས་དཀར་པ་ཞེས་ཆོས་རྒྱུན་ཟུར་དུ་འཕེལ། སློབ་བཤད་ནི་རྡོ་རིང་ཀུན་སྤོང་པ་ཆེན་པོ་ལས་ཚར་ཆེན་བློ་གསལ་རྒྱ་མཚོས་གསུང་ངག་རིན་པོ་ཆེ་གསན་ཏེ་ཚར་ལུགས་སློབ་བཤད་ཅེས་པའི་སྲོལ་ཟུར་དུ་ཕྱེས། དེ་དག་གི་སློབ་རྒྱུན་གྲངས་ལས་འདས་པ་རྣམས་ཀྱིས་གངས་ལྗོངས་སུ་དར་བའི་ཐུབ་བསྟན་ཡོངས་རྫོགས་ལ་འཆད་ཉན་སྤེལ་གསུམ། མདོར་ན་མཁས་གྲུབ་ཆེན་པོ་དེ་དག་གིས་ས་ལུགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པས་དགྱེས་པ་རྡོ་རྗེའི་བསྐྱེད་རྫོགས་ཀྱི་ཕྲིན་ལས་ནི་དབྱར་གྱི་མཚོ་ལྟར་དུས་ཀྱི་ཐ་མ་འདི་ལྟ་བུར་ཡང་རྒྱས་པར་གྱུར་ཏོ།། །།
ཀུན་མཁྱེན་གོ་རམས་པའི་གསུང་འབུམ།
༄༅། །ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་བཀའ་འབུམ།
༄༅། །ཀུན་མཁྱེན་གོ་རམས་པ་ནི། དཔལ་ས་སྐྱ་པ་ཆེན་པོ་གྲགས་པ་རྒྱལ་མཚན་ཉིད་བསམ་བཞིན་དུ་སྐུའི་སྐྱེ་བ་བཞེས་པ། གོ་རམས་བསྟན་པའི་ཉི་མ་ཀུན་མཁྱེན་བསོད་ནམས་སེངྒེ་ནི། མདོ་ཁམས་འབོམ་གྱི་ཡུལ་དུ། འབུམ་གོ་བོ་སྟེང་ཞེས་པའི་གྲོང་པ་དེར་ས་མོ་བྱའི་ཕྱི་ལོ་༡༤༢༩ ལོར་ཡབ་ཞང་སྐྱབས་དང་། ཡུམ་རྒྱལ་བ་སྨན་གཉིས་ཀྱི་སྲས་སུ་འཁྲུངས་པའི་མཚན་མི་ཉག་དཔལ་ཞེས་བཏགས།
དགུང་ལོ་བརྒྱད་བཞེས་པ་ན། མཁན་པོ་བསོད་ནམས་འོད་ཟེར་དང་། སློབ་དཔོན་ཀུན་དགའ་འབུམ་པ་ལས་དགེ་བསྙེན་གྱི་སྡོམ་པ་བླངས་ཏེ་རབ་ཏུ་བྱུང་། མཚན་ལ་བསོད་ནམས་སེང་གེ་ཞེས་གསོལ། ཡི་གེའི་སྦྱོར་ཀློག་ནས་རིམ་གྱིས་བྱམས་ཆོས་སྡེ་ལྔ་དང་རོང་ཊཱིཀ་གཡག་ཊཱིཀ་ཆེན་མོ་སོགས་ཆ་ཚང་ཐུགས་འཛིན་མཛད། དགུང་ལོ་བཅུ་གསུམ་ནས་སྔགས་ཀྱི་དབང་ལུང་མང་པོ་ཞུས། དགུང་ལོ་བཅུ་དགུ་པར་གཙང་དུ་གྲྭ་སྐོར་ལ་ཕེབས། གོ་བོ་རབ་འབྱམས་པ་བླ་མ་ཤེས་རབ་དཔལ་བའི་དྲུང་དུ་མཇལ་བས། རེ་ཞིག་འདིར་སྡོད་ལ་སློབ་གཉེར་གྱིས་གསུངས་ནས། རོང་ཊཱིཀ་གི་བཤད་ལུང་གནང་། ཐུགས་ལ་བཟུང་བས་ཤིན་ཏུ་དགྱེས་ནས་ང་རང་དང་འདྲ་བ་ཅིག་འོང་བ་འདུག །གོ་བོ་རབ་འབྱམས་པ་ཞེས་མཚན་གསོལ། དགུང་ལོ་ཉེར་ལྔ་པར་ཨེ་ཝཾ་དགོན་དུ་འཇམ་དབྱངས་ཀུན་དགའ་བཟང་པོའི་མདུན་ལོ་གསུམ་རིང་རྒྱུད་སྡེ་བཞི་སོགས་གསང་སྔགས་སྐོར་གྱི་ཆོས་མང་པོ་གསན།
དགུང་ལོ་ཉེར་བདུན་པར། མཁན་པོ་མུས་ཆེན་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།དཀོན་མཆོག་རྒྱལ་མཚན་སོགས་མཁས་གྲུབ་གཉིས་ལྡན་གྱི་བཤེས་གཉེན་བཅོ་བརྒྱད་ཙམ་གྱི་ཞབས་ལ་གཏུགས་ནས་གསུང་རབ་སྤྱི་དང་།ལྷག་པར་དུ་དཔལ་ས་སྐྱ་གོང་མ་རྣམ་ལྔའི་གསུང་རབ་མཐའ་དག་ཁོང་དུ་ཆུད་པར་མཛད་དེ། མདོ་སྔགས་རིག་གནས་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང་། གངས་ཅན་མཁས་མང་ཀུན་གྱི་གཙུག་གི་རྒྱན་དུ་གྱུར།དགུང་གྲངས་སོ་གཅིག་པར་རྩ་བའི་བླ་མ་མུས་ཆེན་གྱིས་གཙང་དུ་བཞུགས་ནས་འགྲོ་བའི་དོན་སྒྲུབས་ཤིག་ཅེས་ཁོང་ལ་ཆོས་འཆད་ཉན་མཛད་པའི་བདག་རྐྱེན་མ་ལུས་པ་གནང་ནས་ཆོས་ཀྱི་འཁོར་ལོ་སྐོར་དུ་བཅུག །དེ་ནས་བློ་གསལ་གྲྭ་མང་ཚོགས་པ་རྒྱ་མཚོ་ལྟ་བུའི་དབུས་སུ་མདོ་ཕྱོགས་ཀྱི་བཤད་པ་ཉིན་རེར་ཆོས་ཐུན་བཅུ་རེ་ཙམ་མཛད། གྲྭ་ཚོགས་བརྒྱད་བརྒྱ་ལྷག་ཏུ་འཕེལ། དགུང་ལོ་ང་གཅིག་པར་ས་སྐྱར་ཕེབས། དགུང་ལོ་ང་གསུམ་པར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ནས་གདན་ས་ལོ་ལྔ་འཛིན། དགུང་ལོ་ང་བརྒྱད་པར་རྒྱལ་མཚན་དཀོན་མཆོག་འཕེལ་གདན་སར་བཀོད་ནས་ཁོང་ཟུར་བཞུགས་མཛད། དགུང་གྲངས་དྲུག་ཅུར་ས་ཕོ་སྤྲེལ་ཕྱི་ལོ་༡༤༨༨ ཟླ་བ་བཅུ་གཅིག་པའི་ཚེས་དགུའི་ཉིན་ས་སྐྱར་ཕེབས།
ས་མོ་བྱ་ཕྱི་ལོ་༡༤༨༩ ལོར་དགུང་ལོ་རེ་གཅིག་པར་ཧོར་ཟླ་དང་པོའི་ཉེར་གཅིག་སྔ་དྲོར་གདན་ས་རིན་ཆེན་རྩེར་ཚུར་ཕེབས་ལམ་དུ་སྔོན་མོ་རྫོང་ཞེས་པའི་ས་སྐྱ་དགོན་དུ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།། །།
མངའ་བདག་མར་པ་བཀའ་བརྒྱུད་པའི་ལོ་རྒྱུས།
༄༅། །མངའ་བདག་མར་པ་བཀའ་བརྒྱུད་པ་ནི། ཌོམྦྷི་ཧེ་རུ་ཀའི་རྣམ་འཕྲུལ་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་རྒྱ་གར་ནས། རྡོ་རྗེ་འཆང་ནས་བརྒྱུད་པའི་གདམས་ཟབ་ཀྱི་བཀའ་སྲོལ་གྲུབ་པའི་དབང་ཕྱུག་ཏཻ་ལོ་པ་ལ་རིང་བརྒྱུད་དང་ཉེ་བརྒྱུད་ལས། བཀའ་བབས་བཞིའི་གདམས་པའི་བཅུད་ཐམས་ཅད་པཎ་ཆེན་ནཱ་རོ་པ་དང༌། རྒྱལ་བ་མཻ་ཏྲི་པ་གཉིས་ཀྱི་གཙོས་པའི་མཁས་གྲུབ་དུ་མ་ལས་གསན་ཅིང་། མངའ་བདག་ལོ་ཙཱ་ཆེན་པོ་དེའི་བཤད་རྒྱུད་དང་སྒྲུབ་བརྒྱུད་ཀྱི་བཀའ་སྲོལ་ཆེན་པོ་འཛིན་པས་ན་བཀའ་བརྒྱུད་པའོ། །
སློབ་མ་གཙོ་བོ་ཀ་ཆེན་བཞིར་གྲགས་པ། གཞུང་གི་རྔོག་སྟོན་ཆོས་རྡོར། དོལ་གྱི་མཚུར་སྟོན་དབང་ངེ༌། གཙང་རོང་གི་མེས་སྟོན་ཚོན་པོ་གསུམ་ལ་རིམ་བཞིན། རྒྱུད། འཕོ་བ། འོད་གསལ་བཅས་ཀྱི་བཀའ་བབས་ནས་གཙོ་བོར་བཤད་བརྒྱུད་ཀྱི་བསྟན་པ་བསྐྱངས། རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་གཏུམ་མོ་བདེ་དྲོད་དང་སྒྲུབ་བརྒྱུད་ཀྱི་བཀའ་བབས། སྐུ་ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་མཐར་ཐུག་པ་མངོན་དུ་མཛད་ནས། སྒྲུབ་བརྒྱུད་ཀྱི་བསྟན་པ་བསྐྱངས་ཤིང་།
སློབ་མ་གཙོ་བོ་སྙན་བརྒྱུད་འཛིན་པ་ཐུགས་སྲས་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པས་རྒྱ་གར་ནས་ལུས་མེད་མཁའ་འགྲོའི་ཆོས་སྐོར་ཕྱི་མ་རྣམས་ཀྱང་སྤྱན་འདྲེན། དངོས་སུ་གདམས་པ་སྩལ་བའི་ཐུགས་སྲས་བཅུ་གཉིས་སོགས་བྱུང་།
ཐུགས་སྲས་ཉི་མ་ལྟ་བུ་རྒྱལ་བ་ཐུབ་པའི་དབང་པོས་ཏིང་འཛིན་རྒྱལ་པོ་དང༌། སྙིང་རྗེ་པད་དཀར་སོགས་ནས་ལུང་བསྟན་པའི་དགེ་སློང་འཚོ་བྱེད་དམ་མཉམ་མེད་དྭགས་པོ་ལྷ་རྗེ་ལ་སློབ་མའི་གཙོ་བོ། ༡༽ འབའ་རོམ་པ་དར་མ་དབང་ཕྱུག་ལས་འབའ་རོམ་བཀའ་བརྒྱུད། ༢༽ ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་ཕག་གྲུ་བཀའ་བརྒྱུད། ༣༽ ཁམས་པ་དབུ་སེའམ་རྗེ་དུས་གསུམ་མཁྱེན་པ་ལས་ཀཾ་ཚང་བཀའ་བརྒྱུད། ༤༽ དབོན་སྒོམ་ཚུལ་ཁྲིམས་སྙིང་པོའི་སློབ་མ་ཞང་ཚལ་པ་བརྩོན་འགྲུས་གྲགས་པ་ལས་ཚལ་པ་བཀའ་བརྒྱུད་དང༌། ༥༽ སྒམ་པོ་རྩ་བའི་གདན་སར་དྭགས་པོ་ཁུ་དབོན་གསུམ་སོགས་ཟམ་མ་ཆད་པར་བྱོན་པས་དྭགས་པོ་བཀའ་བརྒྱུད་བཅས་ཏེ་ལྔའོ། །
ཁྱད་པར་དུ་དཔལ་ལྡན་ཕག་མོ་གྲུ་པ་ནི། ཡོངས་གྲགས་སློབ་མ་གདུགས་ཐོགས་ལྔ་བརྒྱར་གྲགས་པའི་གཙོ་བོ་རྣམས་ལས། ༡༽ སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་ལས་འབྲི་གུང་བཀའ་བརྒྱུད། ༢༽ ཐང་པ་བཀྲ་ཤིས་དཔལ་བ་ལས་སྟག་ལུང་བཀའ་བརྒྱུད། ༣༽ འགྲོ་མགོན་རྒྱལ་ཚ་ཁུ་དབོན་ལས་ཁྲོ་ཕུ་བཀའ་བརྒྱུད། ༤༽ གླིང་རས་པདྨ་རྡོ་རྗེ་ལས་གླིང་རས་བཀའ་བརྒྱུད། ༥༽ ཆོས་རྗེ་སྨར་པ་གྲུབ་ཐོབ་ལས་སྨར་ཚང་བཀའ་བརྒྱུད། ༦༽ ཡེལ་པ་ཡེ་ཤེས་བརྩེགས་པ་ལས་ཡེལ་པ་བཀའ་བརྒྱུད། ༧༽ ཟ་ར་བ་ཡེ་ཤེས་སེང་གེ་ལས་གཡའ་བཟང་བཀའ་བརྒྱུད། ༨༽ སྙི་ཕུ་གྱེར་སྒོམ་ཆེན་པོ་ལས་ཤུག་གསེབ་བཀའ་བརྒྱུད་དུ་གྲགས་པ་རྣམས་བྱུང་ཞིང༌། ཁྱད་པར་གླིང་རས་ཀྱི་ཐུགས་སྲས་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་བུ་སློབ་ཀྱིས་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་ཚུན་ཆད་ཁྱབ་པ་སོགས་ཕྲིན་ལས་རྒྱ་ཆེར་སྐྱོང་བ་པོ་ནི་མཐའ་ཡས་པར་བྱོན་ནོ། །
དེ་ཐམས་ཅད་ལས་ཆོས་བརྒྱུད་དང་སྤྲུལ་བརྒྱུད་ཁྱད་པར་འཕགས་པ་ཀརྨ་ཀཾ་ཚང་ནི། མ་བྱོན་སངས་རྒྱས་དྲུག་པ་དཔལ་ལྡན་དུས་གསུམ་མཁྱེན་པ་ནས། ཀརྨ་པ་ཛམྦུའི་གླིང་དུ་གྲགས་པའི་མི་ཡི་སེང་གེ་སངས་རྒྱས་གཉིས་པའི་སྐྱེས་རབས་ཕྲེང་བ་ད་ལྟ་ཡན་བཅུ་བདུན་བྱོན་པ་སྐུ་ཕྲེང་རེ་རེའི་རྣམ་ཐར་ཕྲིན་ལས་བུ་སློབ་ཀྱི་གྲངས་ཀྱང་ཚད་བཟུང་བར་མི་ནུས་ཤིང༌། གཙོ་བོར་རྟོགས་ལྡན་གྲགས་པ་སེང་གེའི་སྐྱེས་པ་རབས་ཀྱི་ཕྲེང་བ་འོད་དཔག་མེད་དངོས་རྒྱལ་བ་གར་གྱི་དབང་ཕྱུག་ཞྭ་དམར་ཅོད་པན་འཛིན་པ། གོ་ཤྲཱི་དཔལ་འབྱོར་དོན་གྲུབ་ཀྱི་སྐྱེ་འཕྲེང་གསང་བའི་བདག་པོ་རྒྱལ་ཚབ་ན་རིམ། འགྲོ་མགོན་རས་པ་ཆེན་པོའི་རྣམ་འཕྲུལ་རྒྱལ་ཚབ་བྱམས་མགོན་དངོས་སྣང་སི་ཏུ་ན་རིམ། བཻ་རོ་ཙ་ནའི་རྣམ་འཕྲུལ་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ན་རིམ། གཞན་ཡང་གཏེར་སྟོན་རིན་ཆེན་གླིང་པའི་སྐྱེ་སྤྲུལ་དཔའ་བོ་ན་རིམ་སོགས། ཏྲེ་ཆེན་ཆོས་ཀྱི་རྒྱ་མཚོའི་སྤྲུལ་སྐུ་ཏྲེ་ཧོ་ན་རིམ་རྣམས་ཀྱིས་འཛིན་སྐྱོང་སྤེལ་གསུམ་མཛད་པ། ༡༽ ཀཾ་ཚང་བཀའ་བརྒྱུད་རྩ་བ་དང༌།
རྗེ་ལྔ་པ་ཀརྨ་པ་དེ་བཞིན་གཤེགས་པས་སྙན་བརྒྱུད་ནོར་བུ་སྐོར་གསུམ་ཀྱི་བདག་པོར་མངའ་གསོལ་བ་དྲུང་རྨ་སེ་བ་བློ་གྲོས་རིན་ཆེན་ལས། ༢༽ ཟུར་མང་བཀའ་བརྒྱུད་དང༌། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང་། ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་གི་ཞལ་སློབ་མཁས་གྲུབ་ཀརྨ་ཆགས་མེད་ལས། ༣༽ གནས་མདོ་བཀའ་བརྒྱུད་དེ་གསུམ་དུ་བྱུང་ཞིང༌། དེ་ལྟར་མཉམ་མེད་དྭགས་པོ་བཀའ་བརྒྱུད་ལ། ནཱ་རོ་པས། ཆོས་བརྒྱུད་ཆུ་བོའི་གཞུང་བས་རིང༌། །ཞེས་དང༌། རྒྱལ་བའི་བསྟན་པ་ཇི་སྲིད་ཀྱི་བར་དུ་ཉམས་དང་རྟོགས་པའི་བརྒྱུད་པ་མི་འཆད་པ་རྗེ་མར་པ་ལ་ལུང་བསྟན་པ་བཞིན་རྟོགས་པའི་བསྟན་པ་སྒྲུབ་པས་འཛིན་པ་ལ་བརྒྱུད་པ་འདི་གྲུབ་མཐའ་ཀུན་ལས་ཁྱད་པར་དུ་འཕགས་སོ།། །།
རྗེ་ལྔ་པ་ཀརྨ་པ་དེ་བཞིན་གཤེགས་པས་སྙན་བརྒྱུད་ནོར་བུ་སྐོར་གསུམ་ཀྱི་བདག་པོར་མངའ་གསོལ་བ་དྲུང་རྨ་སེ་བ་བློ་གྲོས་རིན་ཆེན་ལས། ༢༽ ཟུར་མང་བཀའ་བརྒྱུད་དང༌། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང་། ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་གི་ཞལ་སློབ་མཁས་གྲུབ་ཀརྨ་ཆགས་མེད་ལས། ༣༽ གནས་མདོ་བཀའ་བརྒྱུད་དེ་གསུམ་དུ་བྱུང་ཞིང༌། དེ་ལྟར་མཉམ་མེད་དྭགས་པོ་བཀའ་བརྒྱུད་ལ། ནཱ་རོ་པས། ཆོས་བརྒྱུད་ཆུ་བོའི་གཞུང་བས་རིང༌། །ཞེས་དང༌། རྒྱལ་བའི་བསྟན་པ་ཇི་སྲིད་ཀྱི་བར་དུ་ཉམས་དང་རྟོགས་པའི་བརྒྱུད་པ་མི་འཆད་པ་རྗེ་མར་པ་ལ་ལུང་བསྟན་པ་བཞིན་རྟོགས་པའི་བསྟན་པ་སྒྲུབ་པས་འཛིན་པ་ལ་བརྒྱུད་པ་འདི་གྲུབ་མཐའ་ཀུན་ལས་ཁྱད་པར་དུ་འཕགས་སོ།། །།
རྗེ་སྒམ་པོ་པའི་གསུང་འབུམ།
༄༅། ། རྗེ་སྒམ་པོ་པ་ཆེན་པོའམ་རྗེ་དྭགས་པོ་ལྷ་རྗེའི་བཀའ་འབུམ།
༄༅། །དེ་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་འཚོ་བྱེད། ཆོས་སྨྲ་བ་མེ་ཏོག་ཟླ་མཛེས། ཟླ་འོད་གཞོན་ནུར་གྱུར་པ་ཞེས་ལུང་བསྟན་པ། ཆོས་རྗེ་དྭགས་པོ་ལྷ་རྗེ་སྐུ་འཁྲུངས་པའི་ཡུལ་ནི། གཉལ་གྱི་སྤྱིལ་གྲོང་རུ། ཡབ་སྙི་བ་སངས་རྒྱས་རྒྱལ་པོ་དགའ། ཡུམ་ཤོ་མོ་ཟ་ཚེ་ལྕམ་ཞེས་བྱ་བ་གཉིས། རབ་བྱུང་དང་པོའི་ས་མོ་ལུག་གི་ལོ་ཕྱི་ལོ་༡༠༧༩ ལོར་འཁྲུངས། མཚན་དར་མ་གྲགས་ཞེས་བཏགས། ཁོང་གི་ཡབ་གསོ་བ་རིག་པ་ལ་མཁས་པས། ཁོང་དགུང་ལོ་བདུན་པར་གསོ་རིག་པ་སྦྱོང་བའི་དབུ་བཙུགས། རྒྱ་གར་དང་། གཙང་པ། བལ་པོའི་སྨན་པ། སློབ་དཔོན་དེ་གསུམ་ལོ་བརྒྱད་ཙམ་བསྟེན། རྒྱ་ནག་ཁྱི་ཐན་གྱི་སྨན་པ་གཙུག་ཕུད་ཅན་སོགས་སྨན་གྱི་སློབ་དཔོན་བཅུ་གསུམ་ཙམ་ལས་ལོ་བཅུ་གསུམ་རིང་གསོ་རིག་སྦྱངས་པས་གསོ་བ་རིག་པ་ལ་མཁས་པའི་མཐར་སོན།
དགུང་ལོ་བཅུ་དྲུག་ལ་སྐུ་ལྕམ་ཇོ་མོ་ཁབ་ཏུ་བཞེས། འཇིག་རྟེན་གྱི་ཕན་བྱ་མཐའ་དག་ལ་མཁས་ཤིང་། གཞན་གྱི་དོན་ལ་བརྩོན་པ། ནད་པ་མང་པོ་སྡུག་བསྔལ་ལས་བསྐྱབས་པར་མཛད་པས་དྭགས་པོ་ལྷ་རྗེར་གྲགས། ལོ་བཅུ་གཉིས་ཀྱི་བར་ཁྱིམ་ཐབ་མཛད། དགུང་ལོ་ཉེར་ལྔ་པར་ཡུལ་དེར་འབྲུམ་ནག་གི་ནད་ཀྱིས་ཁྱབ། སྲས་མོ་ལོ་གསུམ་ལོན་པ་དེ་ཤི་ནས་དུར་ཁྲོད་དུ་རོ་བསྐྱལ་ནས་ཚུར་བྱོན་ཙ་ན། སྲས་ལོ་བརྒྱད་ལོན་པ་དེའང་གྲོངས། ཡང་དེའི་རོ་དུར་ཁྲོད་དུ་བསྐྱལ་ནས་ཚུར་ཕེབས་པ་ན། ཁོང་གི་སྐུ་ལྕམ་ཇོ་མོ་ནད་དྲག་པོས་ཡུན་རིང་མནར་བས་དབུགས་ཆད་ལ་ཁད་དུ་གྱུར། ཁོང་གིས་ད་ནས་བཟུང་ངས་ནོར་རྫས་ཀུན་སྦྱིན་པ་བཏང་ནས། རབ་ཏུ་བྱུང་སྟེ་བྱང་ཆུབ་བསྒྲུབ་རྒྱུ་ཡིན་ཞེས་གསེར་གྱི་གླེགས་བམ་དབུ་ཐོག་ཏུ་བཞག་ནས་དམ་བཅའ་མཛད། མོས་ཀྱང་འདོད་པ་མཐུན་པའི་ཚུལ་གྱིས་མགོ་བོ་སྒུར་ཙམ་བྱས་ཏེ་འདས་སོང་ངོ་། །
དགུང་ལོ་ཉེར་དྲུག་པར་དྭགས་པོ་དཔྲོང་དཀར་བྱོན། དགེ་ཤེས་མང་ཡུལ་བློ་ལྡན་ཤེས་རབ་དང་། སློབ་དཔོན་ཤ་པ་གླིང་པ་ལས་ཆིག་རྫོགས་ཀྱི་བསྙེན་རྫོགས་སྡོམ་པ་མནོས། མཚན་ཡང་དགེ་སློང་བསོད་ནམས་རིན་ཆེན་དུ་གསོལ། དེ་ནས་དགུང་ལོ་ཉེར་བརྒྱད་པར་དབུ་རུ་བྱང་གི་ཕྱོགས་སུ་སྤྱན་སྔ་བའི་སློབ་མ་བཤེས་གཉེན་དུ་མ་ལས། བཀའ་གདམས་ཀྱི་ལམ་རིམ་དང་། གསང་བ་སྔགས་ཀྱི་ཆོས་སྐོར་མང་པོ་ཞུས། དགུང་ལོ་སོ་གཅིག་པ་ཡང་ན་སོ་གཉིས་པ་ལོར་ཡང་ཟེར་ནམ་ཟླ་དཔྱིད་ཁ་ན་སྤྲང་པོ་རྒད་པོ་གསུམ་གྱིས་རྗེ་བཙུན་མི་ལ་རས་པའི་སྙན་གྲགས་གླེང་བ་གསན། གྲུབ་ཐོབ་དེ་གང་ན་ཡོད་པ་ཡིན་གསུངས་པས། དེ་མང་ཡུལ་གུང་ཐང་བྱ་བ་ཅིག་ན་ཡོད་དེ། མི་ལ་རས་པ་བྱ་བ་ཡིན་ཟེར། སྔར་གྱི་བླ་མ་རྣམས་ལས་བཀའ་གནང་ཐོབ་པས་ཤིན་ཏུ་དགའ་ནས། མང་ཡུལ་གུང་ཐང་དུ་རྗེ་བཙུན་གྱི་སྤྱན་སྔར་བྱོན།
བླ་མ་རྗེ་བཙུན་མི་ལ་དང་མཇལ་བས་དད་པ་ཚད་མེད་སྐྱེས་ཏེ་མིག་མཆི་མས་བརླན་བཞིན་པར་ཕྱག་བཙལ་ནས། མཇལ་རྟེན་དུ་གསེར་འབུལ། ཆང་ཀ་པཱ་ལ་གང་གི་གསོལ་འཕྲོ་འདུག་པ་གནང་ནས་འདི་འཐུང་གསུང་བས། ལྷག་མ་མ་ལུས་པར་གསོལ་བས་བརྒྱུད་པ་ཟིན་ཅིང་གདམས་ངག་རྫོགས་པའི་རྟེན་འབྲེལ་འགྲིགས། བྱེ་མ་བཙིར་བས་མར་ཁུ་མི་འོང་། ཡུངས་ཀར་བཙིར་བས་མར་ཁུ་ཡོང་བ་ཡིན། ཁ་ཁ་རོག་པར་ཁོ་བོའི་ཐབས་ལམ་སྒོམས་གསུང་། རྗེ་བཙུན་རང་གི་ལུགས་ཀྱིས་བྱིན་རླབས་མཛད། དབང་བསྐུར། ཉིན་མཚན་ཀུན་ཏུ་འབྲལ་བ་མེད་པར་རྗེ་བཙུན་གྱི་རྗེས་སུ་འབྲངས། དབང་དང་བྱིན་རླབས་ཐམས་ཅད་དང་ཟབ་ཆོས་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་གནང་། བླ་མའི་ཞལ་ནས་ཕ་རྒས་ཁར་བུ་བཟང་པོ་སྐྱེས། སླད་མར་ང་བས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་ཡོང་བར་འདུག །དབུས་སུ་སོང་ལ་འགྲོ་དོན་སྒྲུབས། ཁྱོད་ཀྱི་སྒྲུབ་གནས་དང་གདུལ་བྱ་སྒམ་པོ་དར་གྱི་རི་ལ་ཡོད་ཞེས་ལུང་བསྟན། དྭགས་ལྷ་སྒམ་པོའི་རི་ལ་སྒྲུབ་གནས་བཏབ་སྟེ་བཞུགས་པས་རྗེ་སྒམ་པོ་པར་གྲགས།
ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད། དྭགས་པོ་བཀའ་བརྒྱུད་ཀྱི་གདན་ས་གསར་དུ་བསྐྲུན།
རྗེ་སྒམ་པོ་པས་བཀའ་གདམས་པའི་ཞྭ་སྣེ་རིང་གི་ལྟེ་བ་ཡན་བཅད་དེ་ཟླུམ་པོ་པད་འདབ་ལྟ་བུ་ཞིག་མནབས། ཕྱིས་སྒོམ་ཞྭ་ཞེས་བཀའ་བརྒྱུད་སྒོམ་ཆེན་ཡོངས་ཀྱི་ཐུན་མོང་གི་ཞྭ་རུ་གྱུར།
སྐུ་དྲང་པོར་བསྲང་། སྙོམས་པར་བཞུགས་ནས། ཚེས་བཅོ་ལྔ། སྐར་མ་ཆུ་སྟོད་ཟླ་བ་དབྱར་ཟླ་འབྲིང་པོ། རབ་བྱུང་གསུམ་པའི་ཆུ་མོ་བྱ་ལོ་ལ། ཕྱི་ལོ་༡༡༥༣ ལོར་དགུང་ལོ་བདུན་ཅུ་རྩ་ལྔ་ལ་གཤེགས་པའི་ཚུལ་བསྟན་ཏོ།། །།
མཚུངས་མེད་མི་བསྐྱོད་རྡོ་རྗེའི་གསུང་འབུམ།
༄༅། །དཔལ་༸རྒྱལ་བ་ཀརྨ་པ་སྐུ་འཕྲེང་བརྒྱད་པ། ཀརྨ་པ་མི་བསྐྱོད་རྡོ་རྗེ་ནི། (༡༥༠༧-༡༥༥༤)
༄༅། ། རབ་བྱུང་དགུ་པའི་མེ་ཡོས་༡༥༠༧ ལོར་ཧོར་ཟླ་གཉིས་པའི་ཚེས་བཅུའི་སྲོད་ལ་ཆབ་མདོའི་ངོམ་ཆུའི་རྒྱུད་གཡས་ལུང་དཀར་ཏི་ཕུག བྱེ་བྲག་ས་ཏམ་གྱི་གྲོང་དུ་ཡབ་ཨ་བྱམས་དང༌། ཡུམ་ལྡོང་བཟའ་བླ་མ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།
དེ་ནས་ཟླ་ངོ་བདུན་བཞེས་ལ་རི་བོ་ཆེ་བ་དང་ལྷོ་རོང་པའི་གདན་འདྲེན་སླེབས། སྤྱན་དྲངས་སྟེ་རི་བོ་ཆེར་བྱོན། ཆོས་ཀྱི་རྗེ་འཇིག་རྟེན་དབང་ཕྱུག་གིས་འདི་ཀརྨ་པའི་སྤྲུལ་སྐུ་རྩོད་མེད་དུ་འདུག་པས་ཁྱེད་རང་ཞབས་ཏོག་པའི་འོས་ཡིན་པས་ཞབས་ཏོག་གྱིས་ཞེས་ལྷོ་རོང་པ་ཡུམ་སྲས་ལ་བཀའ་གནང༌། ཆིབས་པ་སོགས་རྫོང་འབུལ་དང་བཅས་ཏེ་ལྷོ་རོང་རྫོང་སར་དུ་ཕེབས་སོ། །
དགུང་ལོ་ལྔ་པར་རྒྱལ་ཚབ་བཀྲ་ཤིས་རྣམ་རྒྱལ་དང་རི་བོ་ཆེའི་མི་སྣ་ལྷོ་རོང་གི་གུ་ཤྲཱི་སོགས་ནས་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་དྲུག་པར་(༡༥༡༣)ཁྲི་འདོན་མཛད།
རྒྱལ་ཚབ་སྐུ་འཕྲེང་དང་པོ་བཀྲ་ཤིས་རྣམ་རྒྱལ་ལས་ཐེག་ཆེན་སོ་ཐར་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཆོས་ཀྱི་གྲགས་པ་དཔལ་བཟང་པོ་ཞེས་གསོལ། ཡི་གེའི་འབྲི་ཀློག་བསླབས། དགུང་ལོ་བརྒྱད་པར་ཟུར་མང་(དེང་སང་)ནང་ཆེན་དུ་བྱོན། དེ་ནས་འདན་མ་གྲུབ་ཆེན་སངས་རྒྱས་མཉན་རས་ནས་བྱང་ཆུབ་གླིང་དུ་གདན་དྲངས། དེ་ནས་ཀཾ་པོ་གནས་ནང་དུ་བྱོན། དགུང་ལོ་དགུ་པར་འཇང་ཡུལ་དུ་ཕེབས། འཇང་ས་ཐམ་རྒྱལ་པོས་གདན་འདྲེན་བྱུང་བས་རིམ་པར་བྱོན།
མེ་བྱི་ལོར་(༡༥༡༦)ས་ཐམ་དུ་ཕེབས། བསུ་བ་ལ་རྒྱལ་པོ་ཉིད་བྱམས་ཁྲིར་ཕེབས། འཇང་ས་ཐམ་རྒྱལ་པོས་བོད་ལ་ལོ་བཅུ་གསུམ་བར་དམག་ཁྲལ་དང་བཙུན་ཁྲལ་ལོ་ལྟར་ལྔ་བརྒྱ་རེ་ཕུལ། དགོན་པ་བརྒྱ་འདེབས་པར་ཁས་བླངས། དེ་ནས་དཀར་མཛེས་ཁུལ་གྱི་ཉག་ཆུ་གྲུ་ཁ་སོགས་བརྒྱུད་ནས་ཕེབས།
དགུང་ལོ་བཅུ་པར་འདན་མ་གྲུབ་ཆེན་སངས་རྒྱས་མཉན་རས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་འདན་ཁོག་བྱང་ཆུབ་གླིང་དུ་བྱོན་ཏེ་ལོ་གསུམ་བཞུགས་ནས་དབང་ལུང་ཁྲིད་གསུམ་གསན། ས་ཡོས་(༡༥༡༩)ཙམ་ལ་རྒྱ་ནག་ཏུ་ཕེབས་དགོས་པའི་གསེར་ཡིག་འབྱོར་ཡང་མ་ཕེབས། དེ་ནས་ཀོང་པོར་བྱོན། མོན་རྒྱལ་པོས་གསེར་སྦྱངས་རྡུང་གི་པད་ཞུ་ཕུལ།
དགུང་ལོ་ཉེར་གཅིག་པར་མཁན་ཆེན་ཆོས་གྲུབ་སེང་གེ་དང་སློབ་དཔོན་ཀརྨ་ཕྲིན་ལས་པ་སོགས་ལས་དགེ་སློང་གི་སྡོམ་པ་བཞེས། མཁན་སློབ་གཉིས་ཀྱི་མདུན་ནས་བཀའ་ཆོས་མང་དུ་གསན། ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ལས་སྒྲ་དང་སུམ་རྟགས་སོགས་གསན། དེ་ལྟར་ཁམས་ཀོང་ཁུལ་རྒྱུན་རིང་ཙམ་བཞུགས་ནས་དགུང་ལོ་སོ་གཅིག་པར་མཚུར་ཕུར་ཕེབས། དེ་དུས་དབུས་གཙང་གི་བར་ཆིངས་མཛད། སྐུ་ཚེའི་མཇུག་ཏུ་ཙཱ་རིར་གནས་སྐོར་ལ་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད།
རབ་བྱུང་དགུ་པའི་ཤིང་སྟག་(༡༥༥༤) ལོར་ལྷོ་ཁ་ཡར་ཀླུང་དུ་སྐུ་གཤེགས།། །། year of the rabjung calendar (1554).
ཇོ་ནང་པའི་ལོ་རྒྱུས།
༄༅། །སྦྱོར་དྲུག་པའམ་དེང་སང་དཔལ་རྒྱལ་བ་ཇོ་ནང་པ་ཞེས་ཡོངས་སུ་གྲགས་པ་ནི། ཐོག་མར་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་སྤྱི་ལོ་ ༡༠༢༧ ལོར་དུས་འཁོར་རྒྱུད་འགྲེལ་བསྒྱུར་བ་ནས་བཟུང་རྗེ་ཀུན་སྤངས་པ་ཆེན་པོའི་བར་དུ་བརྒྱུད་པ་རྣམས་ལ་སྦྱོར་དྲུག་པ་ཞེས་གྲགས། དེའི་རྗེས་སུ་ཀུན་སྤངས་པ་ཆེན་པོ
འི་ཇོ་མོ་ནང་དུ་དགོན་པ་བཏབ་སྟེ་གདན་ས་མཛད་པས་ཇོ་ནང་པ་ཞེས་གྲགས་པ་ཡིན་ཏེ། རྗེ་ཀུན་སྤངས་པ་ཆེན་པོ་༡༢༤༣དང་། དེའི་སློབ་མ་བྱང་སེམས་རྒྱལ་བ་ཡེ་ཤེས་༡༢༥༧-༡༣༢༠། བྱང་སེམས་པའི་སློབ་མ་མཁས་བཙུན་ཡོན་ཏན་རྒྱ་མཚོ་༡༢༦༠-༡༣༢༧། འདི་གསུམ་ལ་ཇོ་ནང་ཐོག་མའི་བླ་མ་རྣམས་གསུམ་ཞེས་གྲགས་པ་ཡིན།
མཁས་བཙུན་ཡོན་ཏན་རྒྱ་མཚོའི་དངོས་སློབ་ནི། ཁྱད་པར་དུ་ངེས་དོན་མཐར་ཐུག་གི་དབུ་མ་གཞན་སྟོང་ཆེན་པོའི་ཤིང་རྟའི་སྲོལ་རྒྱ་ཆེར་འབྱེད་མཁན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་ནོ། །དེ་ནས་རིམ་བཞིན་ཀུན་མཁྱེན་ཡབ་སྲས་བཅོ་ལྔ་གཙོས། དཔལ་འཁོར་ལོ་སྡོམ་པའི་རྣམ་རོལ་རྗེ་བཙུན་ཏཱ་ར་ནཱ་ཐའི་བར་དུ་བརྒྱུད་པ་བར་མ་ཆད་པར་བྱུང་ཞིང༌། དེ་ཡི་རྒྱལ་ཚབ་འཛིན་པ་ཀུན་དགའ་རིན་ཆེན་རྒྱ་མཚོ་སོགས་ནས་ད་ལྟའི་བར་དུ་བརྒྱུད་པ་བར་མ་ཆད་པར་འཛམ་གླིང་ཡུལ་གྲུ་ཀུན་དུ་དར་ཞིང་རྒྱས་བཞིན་པ་ལགས་སོ།། །།
ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱི་གསུང་འབུམ།
ཐུགས་རྗེ་བརྩོན་འགྲུས།
༄༅། །རིགས་ལྡན་སྤྲུལ་པའི་སྐུ་མཁས་བཙུན་བཟང་པོའི་གྲུབ་ཐོབ་ཆེན་པོ་ཞང་ཀུན་སྤངས་ཐུགས་རྗེས་བརྩོན་འགྲུས་ནི། ཇོ་ནང་ཆོས་བརྒྱུད་ཀྱི་རྨང་གཞི་ཐོག་མར་མཛད་པ་པོ་སྟེ། ཁོང་ནི་གཙང་སྟོད་མདོག་གི་ངབ་ཕྱར་དུ་རབ་བྱུང་བཞི་པའི་ལྕགས་བྱི་༡༢༤༠༼ཆུ་ཡོས་ཕྱོ་ལོ་༡༢༤༣༽ལོར་སྐུ་འཁྲུངས།
དགུང་ལོ་བདུན་པ་ལ་འཁྱོག་དཔོན་རྫོང་པའི་དྲུང་དུ་དགེ་བསྙེན་མནོས། དགུ་པ་ལ་འཁྱོག་ཞང་གིས་མཁན་པོ་མཛད་ནས་རབ་ཏུ་བྱུང་། མཚན་ཐུགས་རྗེ་བརྩོན་འགྲུས་སུ་བཏགས། ཉི་ཤུ་པ་ལ་གཡས་རུ་ཕྱི་འབྲུབ་དགོན་གསེར་དུ་ལྷ་བཙུན་བསོད་ནམས་སྙིང་པོས་མཁན་པོ་མཛད་ནས་བསྙེན་པར་རྫོགས། ས་སྐྱ་དང་འདར་སོགས་དབུས་གཙང་གི་གྲྭ་ས་ཕལ་ཆེ་བར་འགྲོ་མགོན་འཕགས་པ། སངས་རྒྱས་འབུམ། མཁན་ཆེན་མཆིམས་སོགས་བླ་མ་དམ་པ་མང་པོ་བསྟེན་ནས་སློབ་གཉེར་མཛད། འདར་དང་དོན་མོ་རི། སྐྱང་འདུར་བཅས་ཀྱི་ཟུར་ཆོས་པ་དང་ཆོས་དཔོན་མཛད། ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ་མངའ་བའི་ཆོས་རྒྱུན་ཐམས་ཅད་གསན་ཅིང་། སྤྱིར་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་རྒྱུན་མི་འདྲ་བ་ཁག་བཅུ་བདུན་ལྷག་གསན་ནས་ཉམས་བཞེས་མཛད། མདོ་སྔགས་ཐམས་ཅད་དང་ཁྱད་པར་དུས་འཁོར་ལ་མཁས། སྦྱོར་དྲུག་ཁོ་ན་ལུགས་མི་འདྲ་བ་ཉེར་གཅིག་གསན་པས། ཉམས་རྟོགས་ཀློང་བརྡོལ། གདམས་པ་སོ་སོའི་ཆོས་སྒོམ་སྒྲུབ་གཙོ་བོར་མཛད་པས། གྲུབ་པའི་རྟགས་ཡི་དམ་གྱིས་ཞལ་གཟིགས། བོད་དུ་དཔལ་གསང་བ་འདུས་པ་དང་ལམ་འབྲས་བླ་མ་བརྒྱུད་པའི་ནང་གི་གཅིག་ཡིན། ལ་སྟོད་བྱང་གི་ངབ་ཤར་དུ་བྱོན། ཉང་སྟོད་རྐྱང་འདུར་གྱི་གདན་ས་མཛད། དེ་རྗེས་གདན་ས་བཞག་ནས་རི་ཁྲོད་རྣམས་སུ་ཐུགས་དམ་མཛད་པས་ཀུན་སྤངས་པ་ཞེས་མཚན་ཐོགས།
སེ་མཁར་ཆུང་ན་བཞུགས་པའི་དུས། བརྟན་མ་བཅུ་གཉིས་ཀྱི་གཙོ་མོ། ཇོ་མོ་ནགས་སྨན་རྒྱལ་མོས་ཇོ་ནང་དུ་སྤྱན་འདྲེན་ཞུས་པ་ལྟར། ཕྱི་ལོ་༼༡༢༩༤༽ལོར་ཕྱགས་ཕེབས་ཏེ། འཁྱོག་པོར་གཟིམས་ཁང་མཁའ་སྤྱོད་བདེ་ལྡན་དུ། རྣལ་འབྱོར་ཡན་ལག་དྲུག་པའི་སྙན་རྒྱུད་ཡི་གེར་བཀོད་པའི་ཐོག་མ་འཁྲིད་ཡིག་ཆེན་པོ་ཡང་མཛད། སྦྱོར་དྲུག་གི་ཁྲིད་ཡིག་རྒྱས་པ་བོད་དུ་བྱང་བའི་སྔ་ཤོས་ཡིན། སྐུ་ཚེའི་སྨད་དུ་ཕྱི་ལོ་༡༢༩༤ ལོར་གནས་མཆོག་ཇོ་ནང་ཞེས་པའི་ལུང་པར་དགོན་པ་ཕྱག་བཏབ་ནས་གཙོ་ཆེར་གནས་དེ་ཉིད་དུ་བཞུགས་ཏེ་གདན་ས་མཛད་པ་ནས་བཟུང་བཤད་པ་དང་གདམས་ངག་གཉིས་ཀའི་སློབ་མ་མང་དུ་བསྐྱངས་པས་སྦྱོར་དྲུག་པ་ཞེས་པའི་ཆོས་བརྒྱུད་འདི་ལ་ཇོ་ནང་པ་ཞེས་གྲགས་པ་ཡིན་ནོ། །དེ་ནས་བརྩམས་ཏེ་ད་ལྟའི་བར་དུ་རྒྱུད་ཐམས་ཅད་ཀྱི་ངེས་གསང་ཟབ་ལམ་རྡོ་རྗེ་རྣལ་འབྱོར་ཡན་ལག་དྲུག་པ་གཙོ་བོར་གྱུར་པའི་སྒྲུབ་གྲྭ་རྒྱུན་མ་ཆད་ཅིང༌། དར་ཞིང་རྒྱས་པར་གྱུར་པ་ལེགས་ཏེ། ཆོས་རྗེ་ཀུན་སྤངས་ཆེན་པོས་གནས་འདིར་ལོ་ཉི་ཤུ་རྩ་གཅིག་ཙམ་བཞུགས། །
མཐར་བྱང་སེམས་རྒྱལ་བ་ཡེ་ཤེས་གདན་སར་བསྐོས་ཏེ། དགུང་གྲངས་དོན་བཞིར་ཕེབས་པ་རབ་བྱུང་ལྔ་པའི་ཤིང་བྱི་ལོའི་ཕྱོ་ལོ་༡༣༡༤༼ཆུ་གླང་ལོའི་ཕྱོ་ལོ་༡༣༡༣༽ དཔྱིད་འབྲིང་ནག་པ་ཟླ་བའི་ཚེར་ཉེར་ལྔ་དགོངས་པ་མྱ་ངན་ལས་འདས། སློབ་མ་ཀུན་སྤངས་བུ་བཞི་བྱུང་། བྱང་སེམས་རྒྱལ་བ་ཡེ་ཤེས། ལ་སྟོད་པ་དབང་རྒྱལ། མུན་ལེ་བྲག་ཁ་བ་གྲགས་པ་སེང་གེསྟོན་པ་ཀུན་རྒྱལ། གཞན་ཡང་བར་དོ་འཕྲང་གྲོལ་མཛད་པ་པོ་གཙང་ནག་ཕུག་པ་ཐུགས་རྗེ་སེང་གེ་སོགས་ཀྱང་བྱོན།། །།
ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ།
༄༅། །ཀུན་མཁྱེན་རྟོན་པ་བཞི་ལྡན། ཤེས་རབ་རྒྱལ་མཚན་དཔལ་བཟང་པོ།
ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་ནི། གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་སོགས་མདོ་རྒྱུད་དུ་མར་ལུང་བསྟན་པའི་ཆོས་རྗེ་རིན་པོ་ཆེ། བོད་ལ་དོན་དམ་གཞན་སྟོང་པའི་ལྟ་བ། ཇོ་ནང་པའི་གྲུབ་མཐའ་གསར་དུ་སྤེལ་བ་པོ་ཡིན་ཞིང་། ཡུལ་མངའ་རིའི་དོལ་པོ་ཀ་ཡོ་རིའི་གྲོང་ཁྱེར་དུ་ཡབ་ཡེ་ཤེས་དབང་ཕྱུག་དང༌། ཡུམ་ལྷ་མོ་ཚུལ་ཁྲིམས་རྒྱན་གྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་ཕོ་འབྲུག་ལོ་(༡༢༩༢)ལ་སྐུ་བལྟམས་སོ། །
དགུང་ལོ་ལྔ་ནས་བཅུའི་བར་སྐུ་ཞང་བྱང་ཆུབ་སེངྒེ་སོགས་ལ་བརྟེན་ནས་གསང་སྔགས་རྙིང་མའི་ཆོས་ལ་མཁས་པར་མཛད། གློ་སྟེང་ཤོད་དུ་བྱོན་ནས་སྐྱི་སྟོན་འཇམ་དབྱངས་གྲགས་པའི་ཞབས་ལ་གཏུགས།
དགུང་ལོ་བཅུ་གསུམ་དུ་གསང་སྟབས་ཀྱིས་སྐྱི་སྟེངས་དགོན་དུ་མཁན་པོ་ཚུལ་ཁྲིམས་སྙིང་པོ་སོགས་ལས་དགེ་ཚུལ་གྱི་སྡོམ་པ་བླངས། མཚན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོར་བཏགས། སྐྱི་སྟོན་འཇམ་དབྱངས་པའི་མདུན་ནས་གསང་སྔགས་ཀྱི་སྡོམ་པ་བླངས་ཤིང་དབང་ལུང་སོགས་ཀྱང་མང་པོ་ཞུས། དགུང་ལོ་བཅུ་དགུར་གློ་བོ་སྟོད་དུ་འབྱོར། སྐྱི་སྟོན་གྲགས་པ་རྒྱལ་མཚན་པ་ལ་སོགས་མཁས་པའི་སྐུ་སྐྱེ་མང་པོ་དང་། དེ་ནས་དགུང་ལོ་ཉེར་གཅིག་ནས་ས་སྐྱར་བྱོན་ནས་བླ་མ་འཇམ་དཔའི་དབྱངས། བླ་མ་བདག་ཆེན་པ་ལ་སོགས་པ་ལ། བཤད་ཁྲིད་མན་ངག །སྒྲུབ་ཐབས་དཔག་ཏུ་མེད་པ་གསན་ཅིང་། ལུང་དང་བཤད་པ་རྒྱ་ཆེན་ཞུས། དགུང་ལོ་ཉེར་གསུམ་པར་དབུས་གཙང་དུ་ཕེབས། མཁས་པ་བརྒྱ་ཕྲག་མང་པོ་དང༌། བགྲོ་གླེང་མཛད་པས། མཁས་དབང་རྣམས་ཀྱི་ཐུགས་འཕྲོག་སྟེ་བསྟོད་བསྔགས་མཛད་ཅིང་མཁས་པའི་གྲགས་པས་ཁྱབ་པར་གྱུར།
དགུང་ལོ་ཉེར་བཞི་ལ་མཁན་ཆེན་བསོད་ནམས་གྲགས་པ་དང་། སློབ་དཔོན་མཆོག་སྦྱིན། དགེ་སློང་བཞི་བཅུ་ཙམ་གྱི་དྲུང་དུ། བསྙེན་རྫོགས་ཀྱི་སྡོམ་པ་མནོས། དགུང་ལོ་ཉེར་ལྔ་ནས་ས་སྐྱར་ཆོས་ཁྲི་ལ་བཞུགས།
དགུང་ལོ་སོ་གཅིག་བར་ལོ་བཅུའི་རིང་དབུ་གཙང་གི་ས་ཀར་རྙིང་གསུམ་གྱི་མཁས་གྲུབ་ཡོད་ཚད་ལས་ཟབ་ཆོས་གསན་པས་མདོ་སྔགས་ཀྱི་གཞུང་ལུགས་མ་ལུས་པར་མཁས་པའི་ཡང་རྩེར་སོན། དགུང་ལོ་སོ་གཅིག་པར་ཇོ་ནང་དཔལ་དུ་བྱོན་ནས་ཆོས་རྗེ་ཡོན་ཏན་རྒྱ་མཚོའི་ཞབས་ལ་གཏུགས། ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་ཡང་དེར་བཞུགས་པ་མཇལ་ཞིང་། བླ་མ་དེ་དག་གི་མདུན་ནས་ཟབ་ཁྲིད་སྣ་ཚོགས་སྦྱོར་དྲུག་ལ་སོགས་ཟབ་མོའི་ཆོས་སྐོར་ཐམས་ཅད་གསན། རྒྱུད་འགྲེལ་ལ་སོགས་བཀའ་ཆོས་ཐམས་ཅད་གསན་ཏེ་རྡོ་རྗེ་ཚིག་གི་མདུད་པ་གྲོལ་ཞིང༌། རྩིས་དང་ལྷ་བྲིས་ལ་སོགས་ཞོར་ལ་མཛད་དོ།།
དགུང་ལོ་སོ་ལྔ་ནས་གདན་ས་མཛད། སློབ་མ་རྣམས་ལ་མདོ་སྔགས་ཀྱི་གཞུང་བཤད་སོགས་འཕྲིན་ལས་རྒྱ་ཆེར་མཛད་དོ།། དབུ་མ་གཞན་སྟོང་པའི་ལྟ་བ་དེ་སྒྲུབ་བྱེད་ཀྱི་བསྟན་བཅོས་མང་པོ་བརྩམས། གསུང་ཆོས་དོན་ལྔ་གསུངས་པས་ཐུབ་བསྟན་གསལ་བར་མཛད་དོ།། ཆོས་རྗེ་དགུང་ལོ་རེ་གསུམ་ནས་ལོ་ཙཱ་བ་བློ་གྲོས་དཔལ་ཆེན་པོ་ཞི་བར་གཤེགས་ནས། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ལ་གདན་ས་གཏད་ཅིང༌། སྣར་ཐང་དུ་ཕེབས། དེ་ནས་དགུང་ལོ་རེ་བདུན་ས་ཕོ་ཁྱི་ལོར་རྟ་ནག་ཏུ་ཕེབས། ས་ཕག་ལོའི་ཟླ་བ་བཞི་པར་ལྷ་སར་བྱོན། དབུས་ཀྱི་དགོན་སྡེ་ཕལ་མོ་ཆེར་བྱོན། འགྲོ་དོན་རིམ་པར་མཛད་ནས། བྱི་བ་ལོ་ཟླ་བ་ལྔ་པའི་ཚེས་བཅུ་དྲུག་ལ་ཇོ་ནང་དཔལ་དུ་ཆགས་ཕེབས། རྫུ་འཕྲུལ་དང་གྲུབ་རྟགས་ཡང་མང་དུ་མཛད།
དེ་ནས་དགུང་ལོ་བདུན་ཅུ་ཐམ་པར་ལྕགས་མོ་གླང་གི་ལོ་(༡༣༦༡)ཟླ་བ་བཅུ་གཉིས་པའི་ཚེས་པ་དྲུག་སྔ་དྲོ་ལ་བླ་བྲང་གཟིམ་ཁང་དུ་ཞི་བར་གཤེགས་སོ།། །།
ཆོས་གྲགས་དཔལ་གྱི་གསུང་འབུམ།
ནམ་སྙིང་སྤྲུལ་པ་ཀུན་སྤངས་ཆོས་གྲགས་དཔལ།
༄༅། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་པ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་ནི། ར་ལུང་དུ་ཡབ་བལ་པོ་རཏྣ་མ་ཏི། སྲས་མོ་ཡེ་ཤེས་སྒྲོན་ཞེས་བྱ་བ་དང་བསྡེབ་པ་ལ། ཆུ་མོ་ལུག་ལ་སྐུ་བལྟམས་སོ། །དམ་པ་འདི་དགུང་ལོ་ལྔ་ལོན་ནས་ལྷ་བཟོ། ཡིག་འབྲི་ལ་སོགས་པའི་ཤེས་བྱ་ཐམས་ཅད་བསླབས་པས་མཁས་པར་གྱུར་ཏེ། དགུང་ལོ་བདུན་ན་བྱང་ཆུབ་འོད་ཟེར་གྱི་དྲུང་དུ་བྱོན་ནས། དགེ་སྙེན་མཛད་ཅིང༌། དགུང་ལོ་བརྒྱད་པ་ལ་གུང་ཐང་དུ་བྱོན་ནས་མཁན་ཆེན་དོན་གྲུབ་དཔལ་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བླངས་ནས་མཚན་ནི་ཆོས་གྲགས་དཔལ་བཟང་པོ་ཞེས་བྱ་བར་བཏགས་སོ། །མཁན་ཆེན་དེ་ཉིད་དང་། དེ་ནས་ས་སྐྱར་བྱོན་ནས་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། དགུང་ལོ་ཉེར་གཅིག་བར་དབུས་གཙང་ལ་གྲྭ་སྐོར་མཛད་ཅིང་མཁས་པའི་སྐྱེས་བུ་མང་དུ་བསྟེན། ཞྭ་ལུར་བྱོན་ནས་བུ་སྟོན་ཁ་ཆེ་དང་། དེ་ནས་གསང་ཕུ་ནེའུ་ཐོག་ཏུ་བྱོན་ནས། ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་བསྟེན།
དེ་ནས་དགུང་ལོ་ཉེར་གསུམ་དུ་ཇོ་ནང་དཔལ་དུ་བྱོན་ནས་ཆོས་རྗེ་ཡོན་ཏན་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་མཛད་ཅིང༌། དགུང་ལོ་ཉེར་ལྔ་ལ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་མཇལ་ནས། སྤྱན་ཆབ་འཁྲིག་ཅིང་ཆོས་ཞུ་བའི་གསོལ་བ་བཏབས། གཞན་གྱི་མ་ཚོར་བར་སྐྱིད་ཕུག་ཆོས་ཀྱི་ཕོ་བྲང་དུ་བྱོན་ནས་ལོ་བཅུ་གཉིས་འབྲལ་མེད་དུ་བཞུགས་ནས། ཆོས་རྗེ་རིན་པོ་ཆེ་ཉིད་ལ་མངའ་བའི་ཕྱི་ནང་གི་ཆོས་ཐམས་ཅད་ལེགས་པར་ཞུས།
སྟོན་པ་ཡེ་ཤེས་དཔལ་གྱིས་གདན་དྲངས་ནས་ཆུ་བཟང་གི་དགོན་པ་ཕུལ་ནས། ཐོག་མར་ཚད་མ་དང་རྣམ་ངེས་ལོ་གསུམ་དུ་འཆད་ཉན་བཙུགས། དེ་ནས་མཚམས་དམ་པོར་བཞུགས། མངོན་ཤེས་སྣ་ཚོགས་དང༌། རྫུ་འཕྲུལ་མངའ་བར་གྱུར་ཏོ། །དེ་ནས་ཆོས་རྗེ་རིན་པོ་ཆེའི་སྐུ་ཚབ་ཏུ་རྒྱ་ནག་ཕོ་བྲང་དུ་བྱོན་ནས། རྒྱ་ནག་ཏུ་ཟླ་བ་བདུན་ལ་ཆོས་བསྟན། ཁྱི་ལོར་དབུས་གཙང་དུ་ཕེབས་ནས་རྒྱུད་འགྲེལ་བཙུག་གོ། དེ་ནས་འབྲི་གུང་སྟག་ལུང་ཚུན་ཆད། ཡར་ལུང་ཡན་ཆད་དུ་གདན་དྲངས། དེ་ནས་སྟོད་ལུང་མཚུར་ཕུའི་གནས་སུ་གདན་དྲངས་ནས་དེར་མཁས་པ་སྟོང་ཕྲག་མང་པོ་དང༌། ལུང་རིགས་ཀྱི་བགྲོ་གླེང་མཛད་པས་རྒྱལ་བར་གྱུར་ཏོ། །
དེ་ནས་ཆུ་བཟང་དུ་བྱོན་ཏེ་བཤད་སྒྲུབ་ཀྱིས་དུས་འདའ་བར་མཛད་པའི་ཚེ། དགུང་ལོ་གྱ་གཅིག་བཞེས་པའི་དུས། དཔལ་སྟེང་གི་དགོན་པར་བཤད་སྟོན་དུ་གདན་འདྲེན་པ་རྣམས་འོངས་ནས། སྲོག་གི་བར་ཆད་འོང་བ་སྲིད་དེ་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ནའང་སྒྱུ་མའི་སྲོག་ལ་མི་ལྟའོ། །ཞེས་གསུངས་ནས། བྱོན་པའི་ལམ་ཀར་བྱང་བ་སིདྡྷི་ཞེས་བྱ་བ་དང་ཕྲད་པས། རལ་གྲི་ངར་མ་ཤུབ་ནས་ཕྱུང་སྟེ། མཆན་ཁུང་ལ་ལན་གསུམ་བརྒྱབ་པ་དང༌། སྡིག་ཅན་མ་དགའ་སྟེ་བྲོས་པའི་རྗེས་སུ་གྲྭ་བ་ཐམས་ཅད་ངུ་འབོད་བཞིན་དུ་འདུས་ནས། སྤུར་ཆུ་བཟང་དུ་གདན་དྲངས་ནས་སྤུར་སྦྱངས་བ་དང༌། གདུང་ཁང་གི་ཞལ་ཕྱེ་བས། རིང་བསྲེལ་ཁྱད་པར་ཅན་དཔག་ཏུ་མེད་དོ།། །།
ལོ་ཙཱ་བ་བློ་གྲོས་དཔལ་གྱི་གསུང་འབུམ།
སྒྲིབ་སེལ་སྤྲུལ་བ་ལོ་ཙཱ་བློ་གྲོས་དཔལ།
༄༅། །འཕགས་པ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་སྒྲ་བསྒྱུར་ཆོས་ཀྱི་རྒྱལ་པོ་ནི། ཡབ་ཡེ་ཤེས་བཟང་པོ་དང་ཡུམ་ལྷ་མོ་སྦྱིན་དགའ་ཞེས་པའི་སྲས་སུ་རབ་བྱུང་ལྔ་པའི་༼ས་མོ་ཕག་ཕྱི་ལོ་༡༢༩༩༽ཆུ་ཕོ་རྟའི་ལོར། ཡུལ་མདོ་སྨད་དུ་ངོ་མཚར་དཔག་མེད་དང་བཅས་ཏེ་སྐུ་འཁྲུངས་སོ། །དགུང་ལོ་གཅིག་ནས་ལྔའི་བར་མའི་ནུ་ཞོ་མི་གསོལ་བ། མ་ཎི་དང་ཆོས་སྒྲ་ཕལ་ཆེར་གསུངས། དགུང་ལོ་བདུན་ནས་བླ་མ་དཔང་རྫོང་པའི་མདུན་དུ་གདན་དྲངས་ནས། ཀློག་མཁས་ཤིང་སྡུད་པ་བློ་ལ་ཟིན་ཅིང༌། བརྟག་གཉིས་དང་གཤེད་སྐོར་ལ་གོ་རྟོག་བཟང་ཚན་སྐྱེ་བས། སྤྲུལ་སྐུར་འདུག་ཅེས་པའི་གྲགས་པ་བྱུང་ངོ་། །དགུང་ལོ་བརྒྱད་ནས་གུར་སམ་བྷུ་ཏྲི་སྤྱོད་འཇུག་ཀ་རི་ཀ་གཞུང་འགྲེལ་གསན་ནས་མཁས་པ་ཐོས་ཆོག་པ་ཞེས་གྲགས་སོ། །དགུང་ལོ་དགུ་ནས་རྟ་ནག་ཏུ་བྱོན་ནས་མཁན་ཆེན་པའི་དྲུང་དུ་དགེ་ཚུལ་མཛད་པའི། བློ་གྲོས་དཔལ་བཟང་པོ་ཞེས་མཚན་བཏགས་ཤིང་སོ་ཐར་གྱི་བསླབ་བྱ་ཐམས་ཅད་གསན།
གསང་ཕུར་བྱོན་ནས་མཁན་ཆེན་ཚུལ་ཁྲིམས་བཟང་པོ། དེ་ནས་དགུང་ལོ་བཅོ་ལྔ་མན་ལ་ས་སྐྱར་བྱོན་ནས་སྟོན་པ་ནམ་མཁའ་ཡེ་ཤེས་ཀྱི་དྲུང་དུ་ཕེབས་ནས། མདོ་རྒྱུད་སྐོར་ཐམས་ཅད་གསན་ཅིང་ཐོས་པ་རྒྱ་ཆེན་པོ་མཛད། དབུས་གཙང་གཉིས་སུ་གྲྭ་སྐོར་མཛད་པས་རིགས་པའི་རྩལ་སྦྱངས། དགུང་ལོ་ཉེར་ལྔ་ལོན་ནས་བྲག་རམ་དུ་བྱོན་ནས། དཔང་ལོ་ཙཱ་བ་བློ་བསྟན་ལ་སྒྲ་དང་བརྡ་རིགས་ལཉྫའི་ཡི་གེ་བསླབས། ཇོ་ནང་ཀུན་མཁྱེན་ལྟ་བུ་ནི་རྒྱ་གར་ན་དཀའ་འོ་ཞེས་སོགས་སྐུའི་སྙན་པ་རྒྱ་ཆེར་གསུངས་པ་གསན་ནས། ཐུགས་གཡོ་ཞིང་བ་སྤུ་ཟང་ཟིང་མཛད་ནས་ཇོ་ནང་དཔལ་དུ་བྱོན་ཏེ་ཆོས་རྗེ་མཇལ་བས། སྐུ་མདུན་དུ་གདན་དྲངས་ནས་གསུང་གླེང་ཅི་རིགས་པ་མཛད་པས། དེ་ནས་བཟུང་སྟེ་ཆོས་རྗེ་སྐུ་དྲུང་དུ་བརྟེན་ནས་དབང་དང་མན་ངག་བོད་ཀྱི་འགྱུར་ཚད་ཀྱི་གཞུང་འགྲེལ་ཆ་ལག་དང་བཅས་པ་ལེགས་པར་ཞུས་སོ། །
དེ་ནས་དགུང་ལོ་ཉེར་བདུན་ལ་ཆོས་རྗེ་རིན་པོ་ཆེའི་དྲུང་དུ་བསྙེན་རྫོགས་མཛད་དེ། དེའི་དུས་སུ་ཇོ་ནང་དཔལ་དུ་མཁས་པ་སྟོང་ཕྲག་ཙམ་ལ་ཕར་ཚད་མངོན་འདུལ་རྣམས་དང༌། རྒྱུད་འགྲེལ་ཟབ་ཁྲིད་ཅི་རིགས་པ་གསུངས་སོ། །དེ་ནས་དགུང་ལོ་ཞེ་གཅིག་བཞེས་པའི་ཚེ་ནའང༌། བཀའ་རྒྱུད་གོང་མ་རྣམས་ཀྱི་ཕྱག་དཔེ། ལྷ་ཅ་ལྷ་རྟེན་དང་བཅས་པ་ཕུལ་ནས་གདན་སར་དབང་བསྐུར་བས། ལོ་བཅུ་བདུན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཕྲིན་ལས་དར་ཞིང་རྒྱས་པར་མཛད་དོ། །སྐུ་འབུམ་ཆེན་པོའི་ཀླུ་ཁང་ལ་གནས་བརྟན་བཅུ་དྲུག་འཁོར་བཅས་བཞེངས་པ་དང༌། བུམ་པ་ལ་མཚན་བཟང་པོ་སོ་གཉིས་ཀྱི་ངོ་བོ་ཀ་རིང་སོ་གཉིས་དང༌། བྲེ་དང་གདུང་འདེགས་པདྨ་ལ་དཔེ་བྱད་བརྒྱད་ཅུའི་ངོ་བོ་ཀ་ཐུང་བརྒྱད་ཅུས་བཏེགས་པར་མཛད། དེ་ནས་འཇམ་དཔལ་ཤེས་རབ་བློ་འཕེལ་བསྒྲུབས་པས། རིལ་བུ་གང་ལ་བྱིན་པའི་རིགས་ཡང་བློ་རྣོ་ཞིང་གཞུང་ལུགས་ལ་མཁས་པར་བྱེད་དོ། །རྒྱུད་འབུམ་དག་ཐེར་མཛད་ནས་གླེགས་བམ་དུ་བསྒྲིགས་ཤིང་ཟླ་བ་བཞིར་བཤད་སྦྱར་རྒྱས་པ་གསུངས་སོ། །
དེ་ནས་དགུང་ལོ་ལྔ་བཅུ་རྩ་ལྔ་བཞེས་པའི་ཚེ། རབ་བྱུང་དྲུག་པའི་༼ཆུ་སྦྲུལ་ཕྱི་ལོ་༡༣༥༣༽ཤིང་ཕོ་རྟ་ལོ་རྒྱལ་ཟླ་འི་ཚེས་བརྒྱད་ནམ་གྱི་གོང་ཡོལ་ཙམ་ན་ངོ་མཚར་བའི་ལྟས་བཅས་ཞི་བར་གཤེགས་སོ།། །།
ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ།
སའི་སྙིང་པོའི་སྤྲུལ་པ་ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ།
༄༅། །ཕྱོགས་ལས་རྣམ་རྒྱལ་གྱི་འཁྲུངས་ཡུལ་ནི། མངའ་རིས། ཡབ་སྦྱིན་པ་དཔལ། ཡུམ་ཏིང་འཛིན་སྒྲོལ་མ་ལ་མེ་ཕོ་རྟའི་ལོ་(༡༣༠༦)ལ་སྐུ་བལྟམས་སོ། །དགུང་ལོ་བཞི་ལོན་ནས་དགེ་སློང་རིན་ཆེན་རྡོ་རྗེ་ལ་ཡི་གེ་སློབ། དེ་ནས་རི་བའི་བླ་མ། ཆོས་རྗེ་རཏྣ་བྷོ་དྷི་བསྟེན། དེ་ནས་པཎྜི་ཏ་ཨུ་མ་པ་ཏི་ལ་ལེགས་སྦྱར་གྱི་སྒྲ་དང་སཾ་ཀྲི་ཏའི་སྐད་བསླབས་སོ། །
དེ་ནས་དགུང་ལོ་བརྒྱད་པར་བླ་མ་བྱང་ཆུབ་དཔལ་གྱི་ཞབས་ཏོག་ཏུ་གཙང་ཡུལ་གློ་བུ་སྟོང་ཆེན་དུ་བྱོན་ནས། སློབ་དཔོན་རིན་ཆེན་དཔལ་གྱིས་མཁན་པོ་མཛད་ནས། དགེ་ཚུལ་གྱི་བསླབ་པ་བླངས་ནས་མཚན་ནི་ཆོས་ཀྱི་རྒྱལ་པོ་ཞེས་བཏགས་སོ། །དེ་ནས་མཁས་པ་གཙང་ནག་པ། བླ་མ་རྒྱ་རས་བ། བླ་མ་དང་ཤོད་པ། འཕན་ཡུལ་བ་གྲགས་པ་ལ་ཆོས་ཞུས་སོ། ། ཆུ་ཕུག་གི་དགོན་པར་གདན་དྲངས་ཏེ་བླ་མ་བྱང་ཆུབ་དཔལ་གྱི་གདན་ས་མཛད་དོ། །དེ་ནས་གུང་ཐང་སྐྱིད་རུང༌། ལ་སྟོད་ཐོལ་བུ། ཕག་སྐོར་སོགས་ལ་མཁས་པ་མང་པོའི་དྲུང་དུ་ཐོས་པ་རྒྱ་ཆེན་པོ་མཛད་དོ། །དེ་ནས་ཆུ་མོར་གླང་ལོར་ས་སྐྱར་ཕེབས་ནས་བླ་མ་ཀུན་བློ་དང་། བྲག་རམ་དུ་བྱོན་ནས་སློབ་དཔོན་དཀོན་བཟང་བ་ལ། ཆོས་གསན་ནས་མཁས་པར་གྲག་གོ།
དེ་ནས་དགུང་ལོ་ཉེར་གཅིག་ལོན་ནས་གུང་ཐང་ཆོས་སྐོར་གླིང་དུ་བྱོན་ནས་མཁན་ཆེན་དོན་གྲུབ་དཔལ་ལ་བསྙེན་རྫོགས་མཛད། དེ་ནས་གསང་ཕུ། ཞྭ་ལུ། སྣར་ཐང༌། དཔལ་སྟེང༌། ཁྲོ་ཕུ་ལ་སོགས་དགོན་སྡེ་ཀུན་ལ་གྲྭ་སྐོར་མཛད་དེ། ཕྱོགས་ལས་རྣམ་རྒྱལ་ཞེས་མཁས་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པོ། དེ་ནས་ས་སྐྱར་བྱོན་ནས་བླ་མ་ཀུན་དགའ་རྒྱལ་མཚན། མཁས་པ་བྱང་ཆུབ་དཔལ་ལ་སོགས་བགྲོ་གླེང་མཛད་ནས་ཞྭ་ལུར་བྱོན་ཏེ། བུ་སྟོན་པ། འཕན་ཡུལ་དུ་བཀྲ་ཤིས་སེངྒེ། དེ་ནས་ཡར་བོ་གྲ་ཐང་དུ་བྱོན་ནས། བླ་མ་ར་ཀ་བ་གྲགས་པ་ལ་སོགས་ནས་དབང་བཀའ་ཐམས་ཅད་ཞུས་སོ། །
དེ་ནས་གཙང་ལ་བྱོན་ནས་བྲག་རམ་ལ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གྲགས་པ་ཐོས་ནས། དགུང་ལོ་ཉེར་བདུན་དུ་ཇོ་ནང་དཔལ་དུ་ཕྱིན་ནས། ཕན་ཚུན་གསུངས་གླེང་ཞིབ་ཏུ་མཛད་ཅིང༌། ཆོས་རྗེ་རིན་པོ་ཆེའི་སྐུ་མདུན་དུ་ཕྱི་ནང་གི་ཆོས་སྐོར་ཐམས་ཅད་ཞུས་སོ། ། ཀུན་སྤངས་ཆོས་གྲགས་དཔལ་དང་། ས་བཟང་མ་ཏིའི་མདུན་དུ་རྒྱུད་འགྲེལ་སོགས་ཆོས་མང་དུ་ཞུས།
དགུང་ལོ་སོ་བཞི་ལ་ལྷ་སར་བྱོན། དེ་ནས་ངམ་རིང་དུ་གདན་དྲངས་རྒྱུད་འགྲེལ་བཙུགས། དགུང་ལོ་སོ་དགུར་ངམ་རིང་གི་གདན་ས་མཛད། དེར་ཆུ་མོ་སྦྲུལ་གྱི་ལོ་བྱ་ཟླའི་ཚེས་གཅིག་ལ་བཀའ་འགྱུར་བཞེངས་བ་འགོ་བཙུགས། ཤིང་ཕོ་རྟ་ལ་ལེགས་པར་གྲུབ། དེའི་ཚེ་ཇོ་ནང་དུ་ཆོས་རྗེ་ལོ་ཙཱ་བ་ཞི་བར་གཤེགས་ནས། ཇོ་ནང་གི་གདན་ས་མཛད། དེའི་དབྱར་ངམ་རིང་དུ་བྱོན་ནས་གདན་ས་བ་མཁན་ཆེན་འཕགས་པ་བཞག་ནས། ཇོ་ནང་དུ་བྱོན་ནས་ལོ་བཞིར་གདན་ས་མཛད། དེ་ནས་སེ་མཁར་ཆུང་དུ་བཞུགས། དེ་ནས་ཆོས་རྗེ་ཞི་བར་གཤེགས་ནས། ཇོ་ནང་དུ་བྱོན་ནས་དགུང་ལོ་དྲུག་ཅུར་རྒྱུད་འགྲེལ་གསུངས། དགུང་ལོ་དོན་གཉིས་སུ་ལྷ་སར་བྱོན། དགོན་སྡེ་མང་པོས་བསུས་ནས་ཆོས་ཀྱི་ཆར་ཕབ། དེ་ནས་ཇོ་ནང་དུ་ཕེབས་ནས་ཕྱག་འབབ་སུམ་ཆ་བསྒྲུབ་པ་པོ་རྣམས་ལ་བསྙེན་བཀུར་མཛད། དེ་ནས་འཇམ་དབྱངས་ཤཱཀྱ་རྒྱལ་མཚན་གྱི་གདན་དྲངས་ནས་སེ་མཁར་ཆུང་དུ་བྱོན། ཕར་ཕྱིན་གྱི་ཊཱི་ཀ་ལ་སོགས་གསུང་ཆོས་མང་པོ་དཔག་མེད་མཛད།
དེ་ནས་དགུང་ལོ་གྱ་གཅིག་བཞེས་པའི་ཚེ། ས་ག་ཟླ་བའི་ཚེས་བཅུ་གཅིག་གི་ཉི་འོད་ཤར་ཙམ་ན་ཞི་བར་གཤེགས་སོ།། །།
ཉ་དབོན་ཀུན་དགའ་དཔལ་གྱི་གསུང་འབུམ།
འཇམ་དཔལ་རྣམ་སྤྲུལ་ཉ་དབོན་ཀུན་དགའ་དཔལ།
༄༅། །འཇམ་དཔལ་གྱི་རྣམ་འཕྲུལ་ཆོས་རྗེ་ཉ་དབོན་པའི་འཁྲུངས་ཡུལ་ནི་ཉང་པའོ། །ཡབ་རྣམ་རྒྱལ་དང༌། ཡུམ་པདྨ་སྒྲོན་ནོ། །ཤིང་མོ་བྱའི་ལོ་(༡༢༨༥)ཐ་སྐར་ཟླ་བའི་ཚེས་བརྒྱད་ལ་སྐུ་འཁྲུངས་སོ། །
ལོ་གསུམ་ལོན་ནས་མཚན་བརྗོད་འདོན་པ་དང༌། ལོ་བཞི་ལོན་ནས་ཇོ་ནང་དཔལ་དུ་ཡོན་ཏན་རྒྱ་མཚོའི་མདུན་དུ་མི་སྡེ་ལྷ་སྡེ་རྣམས་ནས་ཆོས་གྲར་མ་བུ་གཉིས་ཕྱིན་པར་ཆོས་རྗེས་སྤྱན་ཅེ་རེར་གཟིགས་ནས། ཕྱག་འཛུབ་བསྟན་ནས་བཞད། འཇམ་དབྱངས་གསར་མའི་སྐུ་སྐྱེས་ཡིན་ཞེས་ལུང་བསྟན་ཏོ། །དེ་ནས་ས་སྐྱར་བྱོན་ནས་ཡི་གེའི་གྲྭ་ལ་འཇུག་ཅིང་ཤེས་རབ་ཕུལ་དུ་ཕྱིན་པར་གྱུར་ཏོ། །གཞུང་ཆེན་ལོ་ལྔའི་བར་དུ་ཕར་ཚད་མངོན་འདུལ་གྱི་གཞུང་འགྲེལ་ཁོ་ན་ལ་སློབ་གཉེར་དྲིལ་བས། ཤིན་ཏུ་མཁས་པའི་གྲགས་པ་བྱུང་ངོ༌། །
དེ་ནས་དགུང་ལོ་བཅུ་གཉིས་སུ་མཁན་ཆེན་ཉི་མ་རྒྱལ་མཚན་ལ་དགེ་ཚུལ་མཛད་དེ། མཚན་ཀུན་དགའ་དཔལ་བཟང་ཞེས་གསོལ་ཏེ། སྟག་ལུང་དུ་བྱོན་ཏེ་རིན་ཆེན་བཟང་པོ། སྣར་ཐང་དུ་བྱོན་ནས་སློབ་དཔོན་བློ་བཟང་གྲགས་པ། ནག་ཕུག་ཏུ་བྱོན་ནས་མཁན་ཆེན་ཆོས་ཀྱི་གྲགས་པ་སོགས་ལ། གཞུང་ཆེན་དང་རྒྱུད་སོགས་མང་པོ་གསན་ནོ། །
དེ་ནས་དགུང་ལོ་བཅུ་དགུར་སྙི་ཐང་དུ་བྱོན་ནས། མཁན་ཆེན་བཀྲ་ཤིས་སེང་གེའི་མདུན་དུ་བསྙེན་རྫོགས་མཛད་པས་དགེ་སློང་རྡོ་རྗེ་འཛིན་པར་གྱུར་ཏོ། །དེ་ནས་དབུས་གཙང་ཀུན་ལ་གྲྭ་སྐོར་མཛད་དོ། །འགྲན་ཟླ་བྲལ་བའི་རྩོད་རྒྱལ་བ་ཞེས་གྲག་གོ།
དེའི་ཚེ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་བྱ་རྒོད་གཤོང་དུ་བྱོན་པའི་དུས་སུ་ཞལ་མཇལ་ནས། གསུང་གླེང་མཛད་པས་ཆོས་རྗེ་རིན་པོ་ཆེ་མཉེས་ནས་གནང་སྦྱིན་མཛད་དོ། །མི་ཕྱེད་པའི་དད་པ་སྐྱེས་ཏེ་ཇོ་ནང་དཔལ་དུ་བྱོན་པའི་ཞབས་ཏོག་མཛད་ནས། ཁྲིད་རིགས་ཐམས་ཅད་གསན་ཅིང༌། ངེས་དོན་མདོ་བཅུ་ལ་སོགས་བོད་ཀྱི་འགྱུར་ཚད་ཐམས་ཅད་ལེགས་པར་ཞུས་སོ། །
དགུང་ལོ་ང་དྲུག་གི་བར་དུ་ཆོས་རྗེ་རིན་པོ་ཆེའི་ཞབས་དྲུང་དུ་ཉེ་བར་བསྟེན་ཏེ། དེ་ནས་ཉང་སྟོད་དུ་དཀའ་བཅུ་པའི་གདན་འདྲེན་མཛད་ནས། རྩེ་ཆེན་དགོན་གཞི་ཕྱག་དཔེ་ལྷ་རྟེན་བཅས་པ་ཕུལ་ནས་དེར་བཞུགས་ཤིང་ཚད་མ་དང་རྒྱུད་འགྲེལ་རྟག་ཏུ་འཆད་ཉན་མཛད་པས། དེ་ནས་སློབ་མ་མཁས་པ་མང་དུ་བྱུང་བའི་ནང་དུ། རེ་མདའ་བ་དང་། རྗེ་ཙོང་ཁ་པ་སོགས་མཁས་པའི་སྐྱེས་ཐོབ་མང་བོ་དང༌། བློ་གསལ་ཐམས་ཅད་དེར་འདུས་སོ། །དགོན་པ་ཡང་ཤིན་ཏུ་རྒྱས་ཏེ་བསྟན་པ་སྤེལ་ཏེ། གཙུག་ལག་ཁང་དང་གསེར་འབུམ་དང་རྒྱུད་འགྲེལ་བཞེངས།
དེ་ནས་མཁན་ཆེན་གཡག་པ་དང་རྩོད་པ་ཆེན་པོ་མཛད་པས། རང་སྟོང་གཞན་སྟོང་གི་བགྲོ་གླེང་ཉི་མ་གསུམ་དུ་མཛད་པས། ཤན་ཕྱེ་བ་སུ་ཡང་མེད་པ་ལ། རེ་ཞིག་ན་མཁན་ཆེན་གཡག་ཞོན་དེ་གཡག་དང་བཅས་པ་འདྲིལ་ནས་ཤ་རུས་སོ་སོར་འཐོར་ཞིང་རླུང་ཡུག་གིས་རྡོ་ཆར་འབབ་པོ། །ཆོས་རྗེ་འདིས་ཀྱང་བསྔོ་བ་ཡང་ཡང་མཛད་དེ་བར་དོར་འདྲེན་པར་མཛད་དོ། །ཚད་མའི་འགྲེལ་ཆེན་ལ་སོགས་གསུང་ཆོས་ཁྱད་པར་ཅན་ཡང་ཡང་དུ་མཛད་དོ། །
དེ་ནས་ལྟ་སྤྱོད་སྒོམ་གསུམ་གྱི་དགོངས་པ་རྫོགས་པའི་ཚེ། དགུང་ལོ་གོ་ལྔ་པ་ས་མོ་ལུག་གི་(༡༣༧༩)ཆུ་སྟོད་ཟླ་བའི་ཚེས་དྲུག་ལ་གཤེགས་པའི་ཚེ། སྔར་གྲོགས་མཆེད་དང་ཚིག་ཆེན་གཏམ་པ་ཡོད་གསུངས་ནས། ཆོས་གོས་ཤམ་ཐབས་ལེགས་པར་གསོལ་ནས་ཞབས་གཉིས་སྐྱིལ་ཀྲུང་དང་བཅས་པས་རྡོ་རྗེ་འཆང་གི་ཕྱག་རྒྱ་མཛད་དེ་ལྟ་སྟངས་དང་བཅས་ཞི་བར་གཤེགས་སོ། །དེ་བཞིན་དུ་ཞག་བརྒྱད་ཆོས་ཉིད་འོད་གསལ་གྱི་ངང་དུ་བཞུགས་སོ།། །།
ཞང་སྟོན་བསོད་ནམས་གྲགས་པའི་གསུང་འབུམ།
གསང་བདག་རྣམ་སྤྲུལ་ཞང་སྟོན་བསོད་ནམས་གྲགས་པ།
༄༅། །གསང་བའི་བདག་པོའི་རྣམ་འཕྲུལ། ཞང་སྟོན་རྒྱ་བོ་བསོད་ནམས་གྲགས་པ་ཞེས་བྱ་བ་ནི། ཡབ་ཆོས་རྒྱལ་དཔལ། ཡུམ་ཆོས་ཀྱི་སྒྲོལ་མ། འཁྲུངས་ཡུལ་ནི་སྐྱི་ཤོད། དེ་ཡང་ལྷུམས་སུ་ཞུགས་མ་ཐག་ཏུ་ཡུམ་གྱི་མཛེ་ནད་ཕྲོག་ཅིང༌། ལུས་མཛེས་ཤིང་སེམས་བདེ་བར་གྱུར་ཏོ། །ལྕགས་ཕོ་འབྲུག་གི་ལོ་༼༡༢༩༢༽ཚེ་བཅོ་ལྔ་ལ་སྐུ་བལྟམས་སོ། །
དགུང་ལོ་དྲུག་ལོན་ནས་ཡར་པོ་གྲ་ཐང་དུ་ཕྱིན་ནས། རྡོ་རྗེ་རྒྱལ་མཚན་ལ་ཆོས་བསླབས། དེ་ནས་རི་བོ་དགའ་ལྡན་དུ་ཕྱིན་ནས་ཀུན་སེང་ལ་སོགས་རྩོད་ངར་ཆེ་བ་ཀུན་སྡོད་ནས། ལུང་རིགས་ཀྱི་བགྲོ་གླེང་མཛད། དེ་ནས་ལྷ་སར་བྱོན་ནས་ར་སའི་བཅོམ་ལྡན་འདས་ཀྱི་མདུན་དུ་མཁན་ཆེན་གཞོན་ནུ་དཔལ་ལ་དགེ་ཚུལ་མཛད། མཚན་བསོད་ནམས་གྲགས་པ་དཔལ་བཟང་པོ་ཞེས་བཏགས་སོ། །དེ་ནས་མཚལ་གུང་ཐང་དུ་བྱོན་ནས་བླ་མ་བཀྲ་ཤིས་སེངྒེ། དགུང་ལོ་བཅུ་བཞི་ལོན་ནས་ལྕགས་ཕོ་རི་ལ་བྱོན་ཏེ། ཨ་ཙ་ར་ནག་པོ་ལ་སོགས་པ་ནས། སྒྲ་རྩིས་སོགས་གསན་ནོ། །དེ་བཞིན་དུ་དབུས་ཁམས་ཀྱི་དགོན་པ་ཀུན་ཏུ་འགྲིམས་ནས་ཐོས་པ་རྒྱ་ཆེན་པོ་མཛད།
དེ་ནས་དགུང་ལོ་ཉེར་གཉིས་ལོན་ནས་གཙང་ལ་བྱོན་ཏེ། ས་སྐྱར་ཕེབས་ནས་མཁན་ཆེན་འཇིགས་མེད་གྲགས་པའི་དྲུང་དུ་བསྙེན་རྫོགས་མཛད་ཅིང༌། འདུལ་བའི་ཆོས་སྐོར་ཐམས་ཅད་ལེགས་པར་བསླབས་པས། དགེ་སློང་རྡོ་རྗེ་འཛིན་པར་གྱུར་ཏོ། །
དེ་ནས་གློ་བུ་སྟོང་ཆེན། ལ་སྟོད། བྲག་རམ། ཞྭ་ལུ། སྣར་ཐང༌། སྟོད་ལུང་ལ་སོགས་གྲྭ་བསྐོར་མཛད་པའི་དུས་སུ་མཚུར་ཕུའི་གནས་སུ་རང་བྱུང་རྡོ་རྗེས་ཆོས་རྗེའི་ཀུན་མཁྱེན་ཆེན་པོའི་མཛད་སྤྱོད་ཁྱད་པར་ཅན་གྱི་གསུང་ཐོས་པས། སྐུའི་བ་སྤུ་གཡོས་ནས་དེའི་མདུན་དུ་བྱོན་ཏེ། སྐུ་དྲུང་དུ་གདན་དྲངས་ཏེ་གསུང་གླེང་མཛད། དེ་ནས་ཆོས་རྗེ་རིན་པོ་ཆེའི་མདུན་དུ་ར་འབྲོ་གཉིས་ཀའི་ལུགས་ཀྱི་དུས་འཁོར་ལ་སོགས་དབང་ཟབ་མོ་ཐམས་ཅད་དང༌། སྦྱོར་བ་ཡན་ལག་དྲུག་པ་ལ་སོགས་པ་ཁྲིད་སྐོར་གསན་ཅིང༌། དགུང་ལོ་སོ་ལྔ་བཞེས་བའི་དུས་སུ། ཆོས་རྗེ་རིན་པོ་ཆེ་དང་ཞལ་མཇལ་ནས་བཟུང་སྟེ། རེ་གསུམ་བར་དུ་བསྟེན། མཁས་པའི་སྐྱེས་བུ་དམ་པར་གྱུར་ཏོ། །
དེ་ནས་དགུང་ལོ་རེ་བཞི་ལོན་བའི་ཚེ་མཁན་ཆེན་ལྷ་དབང་གིས་གདན་དྲངས་ཏེ། དཔལ་སྟེང་གི་དགོན་གཞི་དང་བཅས་པ་ཕུལ་ནས་དེར་གཙུག་ལག་ཁང་དང༌། དེའི་ནང་དུ་ཆོས་རྗེ་ཀུན་མཁྱེན་པའི་གསེར་སྐུ་མིའི་ཚད་ཙམ་དང༌། རྒྱུད་འབུམ་ལ་སོགས་རྟེན་གསུམ་བཞེངས། དཔལ་སྟེང་དུ་ལོ་བཅོ་ལྔར་རྒྱུད་འགྲེལ་དབྱར་ཆོས་དགུན་ཆོས་མཛད་ནས་མཁས་པ་མང་དུ་བྱུང་ངོ༌། །དཀའ་འགྲེལ་སོགས་གསུང་ཆོས་རྣམ་དག་མཛད་དོ།།
དེ་ནས་ཐོས་བསམ་སྒོམ་གསུམ་ཡོངས་སུ་རྫོགས་པའི་ཚེ་དགུང་ལོ་དོན་དགུ་བཞེས་པའི་ཚེ། ཆུ་མོ་ལུག་ཡང་ན་རབ་བྱུང་དྲུག་པའི་ལྕགས་ཁྱི་ཕྱི་ལོ་༼༡༣༧༠༽དབྱར་ཟླ་ར་བའི་བཅོ་བརྒྱད་དུ། བསྙུང་བ་མེད་པའི་རྣམ་པར་འདྲེན་མཆོག་དམ་པ་ཞི་བར་གཤེགས་སོ། །སྤུར་གྱི་ལས་གནད་ལྟ་སྟང་ཡ་ཡོ་མེད་པར་ཞགས་ལྔ་བཞུགས་སོ།། །།
ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ།
བྱམས་པའི་རྣམ་འཕྲུལ་ས་བཟང་མ་ཏི་པཎ་ཆེན།
༄༅། །རྒྱལ་བ་བྱམས་པའི་རྣམ་འཕྲུལ་ས་བཟང་མ་ཏི་པཎ་ཆེན་འཁྲུངས་ཡུལ་ནི། མངའ་རིས་ཞེས་བྱ་བ་ལ། ཡབ་བཟོད་པ་དཔལ། ཡུམ་པདྨ་བཙུན་ཞེས་བྱ་བ་ལ། རབ་བྱུང་ལྔ་པའི་ཤིང་ཕོ་རྟའི་ལོ་ཕྱི་ལོ་༼༡༢༩༤༽ ལ་སྐུ་བལྟམས་སོ། །བཙས་མ་ཐག་ཏུ་གོམ་པ་གསུམ་བཞེས་ཏེ། དགའ་ལྡན་བྱམས་པའི་ཏིང་འཛིན་དང་བསིལ་བས། །ཉོན་མོངས་ཚ་གདུང་འགྲོ་བ་ཀུན་སྐྱོབ་ཅིང༌། །མི་ལོ་བརྒྱ་ཕྲག་ལྷག་པར་བོད་ཁམས་སྐྱོང༌། །དེ་ནས་འཆི་ཚེ་དགའ་ལྡན་གནས་སུ་འགྲོ། །ཞེས་པའི་ཚིགས་བཅད་གསུངས། དེ་ནས་ཡུམ་གྱིས་བུ་པང་དུ་ལེན་ནས་གསང་ཐབས་སུ་བསྐྱེད་དོ། །ཆོས་སྒྲ་གསུང་བ་སོགས་ངོ་མཚར་བྱུང་བ་གྲུབ་ཐོབ་བྱ་རིན་བས་གཟིགས་ནས། ཞབས་རྡུལ་སྤྱི་བོར་གཏུགས་སོ། །ལོ་བཞི་ལོན་ནས་བྱམས་པའི་ཆོས་ལྔ་ཁ་ཏོན་མཛད། དགུང་ལོ་དགུ་ལོན་ནས་རྡོ་ར་བའི་དགོན་པར་བཏང་ནས། བླ་མ་རིན་ཆེན་བཟང་པོའི་མདུན་དུ་ཕར་ཚད་གཉིས་ལོ་གཅིག་གསན།
དགུང་ལོ་བཅོ་ལྔ་ལོན་ནས་སྙི་ཐང་དུ་བྱོན་ནས་མཁན་ཆེན་བཀྲ་ཤིས་སེངྒེའི་དྲུང་དུ་དགེ་ཚུལ་གྱིས་བསླབ་པ་བླངས་ནས་མཚན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བཏགས། ར་ལུང་གི་གནས་སུ་བྱོན་ནས་བླ་མ་ཡེ་ཤེས་རྒྱལ་མཚན། ས་སྐྱར་བྱོན་ཅིང་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། དགུང་ལོ་ཉི་ཤུ་རྩ་གཅིག་ཏུ་སློ་བུ་སྟོང་ཆེན་དུ་བྱོན་ནས་སྐྱི་སྟོན་ཉི་མ་རྒྱལ་མཚན། བྲག་རམ་ལ་གཤེགས་ཏེ་བླ་མ་བསོད་ནམས་བཟང་པོ། བྱང་དགོན་དུ་བྱོན་ཏེ། སྟོན་པ་སངས་རྒྱས་བཟང་པོ། སྟག་ལུང་དུ་བྱོན་ཏེ་བླ་མ་རིན་ཆེན་བཟང་པོ་སོགས་ལ་ཆོས་སྐོར་དུ་མ་གསན་ནས་དཀའ་བཅུ་འཛིན་པའི་གྲགས་པ་བྱུང་ངོ༌། །
དགུང་ལོ་ཉེར་ལྔར་ཞ་ལུར་བྱོན་ནས་མཁན་ཆེན་རིན་ཆེན་གྲགས་པའི་དྲུང་དུ་བསྙེན་རྫོགས་མཛད། ཆོས་རྗེ་ཀུན་མཁྱེན་པའི་རྣམ་ཐར་གསན་པས་དད་པས་གྲྭ་བ་གཅིག་དང་བཅས་ཇོ་ནང་དཔལ་དུ་བྱོན་ནས། ཕྱག་ཕུལ་ནས་གསུང་གླེང་མཛད། དེ་ནས་བཟུང་སྟེ་ཆོས་རྗེའི་ཞབས་དྲུང་དུ་ཕྱི་ནང་གི་ཆོས་སྐོར་ཆོས་རྗེ་ཉིད་ལ་མངའ་བ་ཐམས་ཅད་ཞུས་ཤིང་ཀུན་ལ་མཁས་པའི་ཐུགས་སྲས་མཆོག་ཏུ་གྱུར། རྩ་བའི་བུ་ཆེན་པོའི་སར་ཕུལ་དུ་ཕྱིན་ཏེ། དེ་ནས་ཀུན་སྤངས་ཆོས་གྲགས་དཔལ་དང་ལོ་ཙཱ་བའི་སྐུ་མདུན་དུ་རྩིས་ཀྱི་རྒྱུ་མཚན་དང༌། དབང་མདོར་ལ་སོགས་ཟབ་ཆོས་མང་དུ་ཞུས་སོ། །
དགུང་ལོ་ཞེ་བརྒྱད་དུ་ལོ་ཙཱ་བ་བློ་གྲོས་བསྟན་པ་ལ་སྒྲ་ལ་སོགས་ཆོས་བཀའ་རིག་གནས་མང་དུ་གསན། བླ་མ་ཟླ་བ་རྒྱལ་མཚན་གྱིས་ས་བཟང་དགའ་ལྡན་གྱི་འཚོགས་དཔོན་དུ་གདན་དྲངས་ནས། ལོ་གཅིག་དབྱར་ཆོས་དགུན་ཆོས་མཛད། དེ་ནས་དགོན་གནས་གཞི་རྟེན་དང་བཅས་པ་ཕུལ་ནས་དེར་བཞུགས་ནས། དབུས་གཙང་གི་བླ་ཆེན་དང༌། དགེ་འདུན་པ་མང་པོ་ཉན་པར་འདུས་སོ། །བྱམས་པ་གླིང་དུ་སྡེ་པ་དོལ་པ་བསྐུལ་ནས། ཇོ་ནང་དཔལ་གྱི་མཆོད་རྟེན་གྱི་ཚད་དང་ལྡན་པ་རྟེན་ཆེན་ཡོངས་སུ་རྫོགས་པར་བཞེངས་སོ། །གསུང་ཆོས་མང་ཞིང་གྱ་ནོམ་པ་མང་དུ་ཡོད་དོ། །
དེ་ནས་དགུང་ལོ་གྱ་གསུམ་བཞེས་དུས་སུ། རབ་བྱུང་དྲུག་པའི་༼མེ་འབྲུག་ཕྱི་ལོ་༡༣༧༦༽མེ་མོ་ཕག་གི་ལོ་ཐ་སྐར་ཟླ་བའི་ཚེས་བཅོ་ལྔ་ལ་ངོ་མཚར་དུ་མ་དང་བཅས་ཏེ་ཞི་བར་གཤེགས་སོ།། །།
གྷ་རུང་པ་ལྷའི་རྒྱལ་མཚན་གྱི་གསུང་འབུམ།
ཨརྱ་དེ་ཝའི་སྤྲུལ་པ་གྷ་རུང་ལྷའི་རྒྱལ་མཚན།
༄༅། །བྲམ་ཟེ་ཨརྱ་དེ་ཝའི་སྤྲུལ་པ་གྷ་རུང་བ་ལྷའི་རྒྱལ་མཚན་ནི། ཡབ་ཡེ་ཤེས་བཟང༌། ཡུམ་དཔལ་བཙུན་མའི་སྲས་སུ་ཕྱི་ལོ་(༡༣༡༩) ས་མོ་ལུག་གི་ལོར་ཡུལ་སྡེ་ཐང་དུ་འཁྲུངས་སོ། །དེ་ནས་དགུང་ལོ་ལྔར་སྐུ་འབུམ་ཐང་དུ་བྱོན་ནས་བླ་མ་དོན་གྲུབ་དཔལ་ལ་རབ་ཏུ་བྱུང་སྟེ། མཚན་ནི་ལྷའི་རྒྱལ་མཚན་དཔལ་བཟང་པོ་ཞེས་བཏགས་སོ། །ལོ་ངོ་གཉིས་ལ་བགྲོ་གླེང་ལ་ཡང་དག་པར་སྦྱངས། དེ་ནས་གསང་ཕུར་དབུས་ཀྱི་དགོན་གནས་སུ་བྱོན་ནས་མཁས་པའི་སྐྱེས་བུ་དམ་པ་རྣམས་ལ། གསུང་རབ་ཐམས་ཅད་ལ་ཐོས་པ་རྒྱ་ཆེར་མཛད་དོ། །དེ་ནས་རྟ་ནག་དང་ཞྭ་ལུ། སྟོད་ལུང༌། མཚུར་ཕུར་བྱོན་ནས་རྟོགས་ལྡན་གྲགས་སེང་། དགུང་ལོ་ཉི་ཤུར་གཙང་ལ་བྲག་རམ་ལ་སློབ་དཔོན་ཀུན་བཟང་སོགས་ལ། ཆོས་དུ་མ་གསན་ནས་མཁས་པའི་ཐུགས་རྒྱལ་སྐྱེས་སོ། །
དེ་ནས་གུང་ཐང་དུ་བྱོན་ནས་དེར་མཁས་པ་དུ་མ་དང་རྩོད་པ་མཛད་པས། ཉི་མ་གསུམ་དུ་ལུང་རིགས་ཀྱིས་བགྲོ་གླེང་བྱས་པས་འགྲན་ཟླ་ཐམས་ཅད་ཟིལ་གྱིས་གནོན་པར་མཛད་དོ། །དེ་ནས་སྟག་ལུང༌། ཁྲོ་ཕུ། བདེ་ཆེན། རྩེ་ཆེན། ནུབ་ཆོས་ལུང་ལ་སོགས་ཀུན་ལ་སློབ་གཉེར་མཛད། དེ་ནས་ས་སྐྱར་ཕེབས་ནས་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། དེ་ནས་དཔལ་སྟེང་དུ་བྱོན་ནས་བླ་མ་རིན་ཆེན་བཟང་པོ། དེ་ནས་ར་ལུང་དུ་བྱོན་ནས་ཡེ་ཤེས་རྒྱལ་མཚན་རྣམས་ལ། དམར་ཁྲིད་ལ་སོགས་མང་པོ་གསན་ནོ། །
དེའི་ཚེ་ཆོས་རྗེ་ཀུན་མཁྱེན་པའི་སྙན་གྲགས་རྒྱ་ཆེར་གསན་པས། བ་སྤུ་གཡོ་བ་ཙམ་གྱིས་དད་པ་སྐྱེས་ནས། དགུང་ལོ་སོ་གཉིས་སུ་ཇོ་ནང་དཔལ་དུ་ཆོས་རྗེ་རིན་པོ་ཆེ་དང་ཞལ་མཇལ་ཞིང༌། དུང་དཀར་ལ་སོགས་ཕྱག་རྟེན་ཕུལ་ནས། དབང༌། ཁྲིད་རིགས་ཐམས་ཅད་ལོ་དུ་མར་ཟབ་ཆོས་མང་དུ་ཞུས་སོ། །དེ་ནས་ཀུན་སྤངས་ཆོས་གྲགས་དཔལ་ལ། དོན་དམ་བསྙེན་པ་ལ་སོགས་མང་པོ་གསན་ནོ། །དེ་ནས་ལོ་ཙཱ་བ་དང་། མ་ཏི་པཎ་ཆེན། ཆོས་རྗེ་ཕྱོགས་པ་དང་ཉ་དབོན་པ་ལ། སེམས་འགྲེལ་ལ་སོགས་མང་དུ་གསན་ནོ། །
དེ་ནས་གྷ་རུང་ཆོས་སྡེར་བྱོན་ནས་སློབ་དཔོན་ཆོས་གྲགས་ཀྱིས་གདན་ས་གཏད་བཀའ་བརྒྱུད་གོང་མ་རྣམས་ཀྱི་ཕྱག་དཔེ་ལྷ་རྟེན་ཐམས་ཅད་ཕུལ་ནས། དེར་ལོ་དུ་མར་འཆད་ཉན་དར་རྒྱས་སུ་མཛད་དོ། །དེ་ནས་མཁན་ཆེན་བྱང་ཆུབ་བཟང་པོས་གདན་དྲངས་ནས་གནས་ཆེན་ནམ་མཁའ་མཛོད་ཀྱི་དགོན་གཞི་དང་བཅས་པ་ཕུལ་ནས་དེར་བཞུགས་སོ། ། གཙུག་ལག་ཁང་ལྷ་རྟེན་གསུང་རབ་དང་བཅས་པ་བཞེངས་སོ། །རྒྱུད་འགྲེལ་ལ་སོགས་གསུང་ཆོས་ཟབ་མོ་མང་དུ་མཛད་དོ། །
དེ་ནས་ཐུགས་དགོངས་རྫོགས་ཤིང་༼དགུང་ལོ་གྱ་གཅིག༽དགུང་ལོ་གྱ་གསུམ་བཞེས་པའི་དུས། ཕྱི་ལོ་(༡༣༩༩-༡༤༠༡) མེ་མོ་ལུག་གི་ལོ་ཟླ་བ་དྲུག་གི་ཚེས་བརྒྱད་དུ་ཞི་བར་གཤེགས་སོ། །ཞག་བཅུ་དྲུག་ཏུ་རང་བཞིན་འགྱུར་མེད་འོད་གསལ་གྱི་ངང་ལ་བཞུགས་སོ།། །།
མཚལ་མིན་པ་བསོད་ནམས་བཟང་པོའི་གསུང་འབུམ།
གནས་བརྟན་བྷ་ཀུ་ལའི་སྤྲུལ་བ་མཚལ་མིན་པ་བསོད་ནམས་བཟང་པོ།
༄༅། །གནས་བརྟན་བྷ་ཀུ་ལའི་སྤྲུལ་བ་མཚལ་མིན་པའི་འཁྲུངས་ཡུལ་ནི། ཀྱེར་ཕུ། ཡབ་ཐར་པ་བཟང་པོ། ཡུམ་དཀོན་མཆོག་སྒྲོན་གཉིས་ཀྱི་སྲས་སུ་ལྕགས་མོ་སྦྲུལ་གྱི་ལོ་༼༡༣༤༡༽ལ་སྐུ་བལྟམས་སོ། །དགུང་ལོ་ལྔ་ལ་རབ་ཏུ་བྱུང་ངོ༌། །མཚན་བསོད་ནམས་བཟང་པོ་ཞེས་བཏགས་སོ། །དེ་ནས་ཆོས་རྗེ་སངས་རྒྱས་བཟང་པོ་འཇམ་དབྱངས་དོན་གྲུབ་དཔལ་སོགས་ལ། མདོ་རྩའི་གཞུང་འགྲེལ་སོགས་དཔག་མེད་གསན་ནོ། །བྱང་སེང་བ་ལ་འདུལ་བ་ལུང་སྡེ་བཞི་གསན་ནོ། །
དེ་ནས་ལྷ་ས་པོ་ཏ་རི་ལ་ས་ཕོ་ཁྱི་ལོར་མཁན་ཆེན་ཡོན་ཏན་རྒྱ་མཚོ་ལ་བསྙེན་རྫོགས་མཛད། མཚན་ནི་ཀུན་དགའ་བསོད་ནམས་བཟང་པོ་ཞེས་བཏགས་སོ། །
དེ་ནས་ཀུན་མཁྱེན་ཆོས་རྗེའི་ཞབས་སྤྱི་བོར་བླང་ནས་དགུང་ལོ་བཅུ་བདུན་ནས་སོ་དགུ་བར་དུ་ཆོས་རྗེ་རིན་པོ་ཆེ་ཉེ་གནས་མཛད་ཅིང་སློབ་འབངས་གྲགས་སོ། །ཆོས་རྗེ་ལ་མངའ་བའི་ཆོས་རྣམས་ཉམས་སུ་བླངས། ཆོས་རྗེ་རིན་པོ་ཆེ་གཞན་དོན་ལ་བྱོན་དུས་འབྲལ་མེད་དུ་ཉེ་གནས་སང་རིན་དང་མཉམས་པོར་གནས་སོ། །དེ་ནས་ཆོས་རྗེ་ཉ་དབོན། བུ་སྟོན། རྒྱལ་སྲས་ཐོགས་མེད། མ་ཏི་པཎ་ཆེན། ཆོས་རྗེ་ཕྱོགས་པ་སོགས་ཡོངས་འཛིན་དམ་པ་རྣམས་ལ། བཀའ་མདོ་རྒྱུད་བསྟན་བཅོས་མན་ངག་དང་བཅས་པ་གསན་ནོ། །དེ་ནས་བཟང་ལྡན་དགེ་འཕེལ་དུ་འཆད་ཉན་མཛད། དགུང་ལོ་ང་གསུམ་ལ་ལྕགས་ཕོ་སྤྲེའུ་ལོར་ལྷ་སྒང་དུ་གདན་དྲངས་ནས། ལོ་བཅུ་གཅིག་ཏུ་བཤད་སྟོན་མཛད།
དེ་ནས་དགུང་ལོ་རེ་གསུམ་ཆུ་མོ་ལུག་གི་ལོར་ཀརྨ་ཆོས་དཔལ་བཟང་པོས། མཚལ་མིན་གྱི་དགོན་པ་ཕུལ་ནས། དེར་བཀའ་རྒྱུད་གོང་མའི་བཤད་སྲོལ་བཙུག་གོ། དེ་ནས་དགུང་ལོ་དོན་ལྔར་ཆོས་གསུང་བའི་སྐབས་སུ་སྐུ་ཁམས་མི་བདེ་བའི་ཚེ་སྐུ་སྙུན་འོངས་དྲག་པས་འཆད་ཉན་ཞོག་ཞུས་པ་དང་ཁོ་བོས་ནི་དམ་པའི་ཆོས་ནམ་ཡང་མི་འདོར་གསུངས་སོ། །དགུང་ལོ་དགུ་བཅུར་ཕར་ཕྱིན་གྱི་ཊཱི་ཀ་མཛད། གོ་གཉིས་སུ་དུས་འཁོར་འགྲེལ་ཆེན་གསུངས། བདེ་གླིང་དུ་རྡོ་རྗེ་ཕག་མོའི་ཞལ་གཟིགས། དེ་ནས་ཀརྨ་པ་མྱ་ངན་ལས་འདས་ནས་ཀརྨ་པའི་སྐུ་འཁྲུངས་མ་ཐག་ཏུ་འདི་སྐད་གསུངས་སོ། །ང་ཡི་མཁན་པོ་གནས་བསྟན་བྷ་ཀུ་ལ་ཡ་ཀི་མཚལ་མིན་དུ་བཞུགས་ཡོད་གསུངས་སོ། །བཅིབས་རྟ་གྲོ་སེར་ཤི་ནས་བདེ་བ་ཅན་དུ་སྐྱེ་བར་ལུང་བསྟན་ནོ། །བླ་མ་རྗེ་ལ་ང་ནི་བྷ་ཀུ་ལ་ཡིན་ནོ་གསུངས་སོ། །དུས་རེ་ཞིག་ཏུ་ཤྭ་རྒལ་བྱུང་ནས་གཟིགས་པ་ཙམ་གྱིས་ཞི་བར་མཛད།
དེ་ནས་དགུང་ལོ་གོ་གསུམ་དུ། ཆུ་མོ་གླང་གི་ལོར་༼༡༤༣༣༽ཧོར་ཟླ་དང་པོའི་ཚེས་བཅུར། ངས་སྣམ་སྦྱར་ཁྱེར་ཤོག མཆོད་པ་གཅིག་ཤོམ་གསུང་ནས། རྣམ་སྣང་ཆོས་བདུན་ཚང་བ་མཛད་ནས། ཞི་བར་གཤེགས་སོ།། །།
རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ།
༄༅། །རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ།
རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའམ་ཀུན་དགའ་སྙིང་བོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་མཆོག་འཁྲུངས་པའི་གནས་ནི། བོད་དབུས་ཀྱི་ཁོངས་སུ་ཇོ་མོ་ཁ་རག་དང་ཉེ་བའི་སར། འབྲང་ཕུ་ཞེས་པའི་ཡུལ། ཡབ་རྣམ་རྒྱལ་ཕུན་ཚོགས་དགུང་ལོ་ཞེ་དྲུག་པ་དང༌། ཡུམ་རྡོ་རྗེ་བུ་དགའ་དགུང་ལོ་བཅུ་དགུ་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ཤིང་ཕག་ཕྱི་ལོ་ ༡༥༧༥ ལོར་སྐུ་བལྟམས། སྐབས་དེར་ཁྱེའུ་སྐྲ་དཀར་པོ་ཡེང་ཡེང་བ་ཞིག་ཡོད་པས། མེས་པོས་ཁྱེའུ་སྐྲ་དཀར་པོ་འདིའི་རིགས་ལ་ཤེས་རབ་ཆེན་པོ་ཡོང་བས། གྲིབ་ཀྱིས་མ་བསྒྲིབས་པར་གྱིས་གསུངས། མཚན་སྲི་གཅོད་རྡོ་རྗེར་གསོལ།
དགུང་ལོ་གཉིས་ཙམ་ན་སྐུ་སྙུང་བ་ཨ་ཙརྱ་ལྔ་ཐལ་བྱུང་དུ་ཕེབས་ཏེ་བྱིན་གྱིས་བརླབས། ཨ་ཁུས་སྨན་བཅོས་མཛད་དེ་བསྙུང་བ་ལས་གྲོལ། དགུང་ལོ་བཞི་པར་སྨྲ་ཤེས་པར་གྱུར་ཅིང་རྒྱུན་དུ་ང་བླ་མ་ཀུན་དགའ་གྲོལ་མཆོག་ཡིན། ཉེ་གནས་དཔལ་འབྱོར་ཟེར་བ་ཞིག་ཡོད་ཟེར་བ་བྱུང་། ཇོ་ནང་མཁན་ཆེན་ལུང་རིགས་རྒྱ་མཚོས་སྐུ་སྐྱེ་ངོས་འཛིན་དང་སྤྱན་འདྲེན་ལ་ཕེབས། རྗེ་གོང་མའི་གདན་ས་ཆོས་ལུང་བྱང་རྩེའི་ཁྲིར་བཀོད། དགུང་ལོ་དྲུག་པ་ལྕགས་ཕོ་འབྲུག་ལོའི་ཟླ་བ་དང་པོའི་ཚེས་གཅིག་ལ་ཀློག་སློབ་པའི་དབུ་བཙུགས། རྗེ་རྡོ་རིང་བ་དང༌། མཁས་གྲུབ་ལྷ་དབང་གྲགས་པ་གཉིས་ལས་ཟབ་ཆོས་གསན་པའི་དབུ་བཙུགས།
དགུང་ལོ་བརྒྱད་བཞེས་ཐོག་ཇོ་དགོན་ཆོས་ལུང་དུ་ཕེབས། ཟླ་བ་བརྒྱད་པའི་ཚེས་ལྔ་ཉིན་པར་རྗེ་སྟག་ལུང་བ་ཆེན་པོ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་རབ་ཏུ་བྱུང༌། མཚན་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། རྗེ་གོང་མའི་དངོས་སློབ་མཁས་དབང་བྱམས་པ་ལྷུན་གྲུབ་གནས་ཀྱི་སློབ་དཔོན་དུ་བསྟེན་ཏེ། མདོ་ཕྱོགས་ཀྱི་སློབ་གཉེར་རྒྱ་ཆེར་མཛད་པས་ལུང་རིགས་སྨྲ་བའི་ཁྱུ་མཆོག་ཆེན་པོར་གྱུར། དེ་ནས་མི་རིང་བར་ཤར་ཕྱོགས་སུ་ཕེབས། གཞན་ཡང་བཤེས་གཉེན་དུ་མ་ལ་རྒྱུད་སྡེ་བཞི་དང་འབྲེལ་བའི་ས་སྐྱ་པ་དང༌། ཇོ་ནང༌། ཞྭ་ལུ། ཀརྨ་ཀཾ་ཚང༌། སྟག་ལུང༌། རྗེ་གྲོལ་མཆོག་ཤངས་པའི་བསྟན་པའི་བདག་པོར་གྱུར་པས་ཤངས་པའི་ཆོས་ལ་སྦྱངས་པ་དང་འགྲོ་དོན་འཕྲིན་ལས་ཆེ་བ་སོགས་ཡིན་ནོ།།
དགུང་ལོ་བཅུ་བདུན་ནམ་བཅོ་བརྒྱད་པར་འདུལ་འཛིན་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་གྱིས་མཁན་པོ་དང་། སློབ་དཔོན་བྱམས་པ་ལྷུན་གྲུབ་ཀྱིས་ལས་སློབ་མཛད་དེ་བསྙེན་པར་རྫོགས། བསམ་སྡིངས་སུ་བཞུགས་པའི་སྐབས་རྗེ་ཀརྨ་པ་དབང་ཕྱུག་རྡོ་རྗེ་དང༌། ཞྭ་དམར་སྤྲུལ་བའི་སྐུ་དང་བཅས་པ་ལ་བཀའ་བརྒྱུད་པའི་ཆོས་ཞུས། གཞན་ཡང་མཁས་གྲུབ་དུ་མ་ལས་དྭགས་པོ་དང་ཤངས་པ་བཀའ་བརྒྱུད། ས་སྐྱ་པ། ཞི་བྱེད་དང༌། གཅོད་ཡུལ་བ། རི་བོ་དགའ་ལྡན་པ་ནས་བརྒྱུད་པའི་ཆོས་སྐོར་གྱི་དབང་ཁྲིད་མན་ངག་མཐའ་དག་གསན། རྒྱ་གར་ཤར་ཕྱོགས་ཀྱི་སློབ་དཔོན་རྣམས་ལ་ཐེག་པ་བླ་མེད་ཀྱི་སྐོར་དོགས་འགྲོལ་མང་པོ་མཛད་ཅིང་། རྡོ་རྗེ་ཐེག་པའི་གཞུང་འགྲེལ་བོད་ཀྱིས་བསྲེ་བསླད་མ་ཞུགས་པ་མང་དུ་གསན། སྒྲ་ལ་ལེགས་སྦྱར་སོགས། རྒྱ་གར་བྲམ་ཟེ་པཎྜི་ཏ་བཅས་ལ་སྒྲ་དབྱངས་ཅན་མ་དང་སྙན་ངག་སྐོར་སོགས་གསན་ཏེ་སྒྲ་ལ་མཁས་པར་གྱུར།
ཇོ་ནང་ཀུན་མཁྱེན་དུས་གསུམ་སངས་རྒྱས་དང་མཇལ། ཀུན་མཁྱེན་ཆེན་པོའི་ལུང་བསྟན་བཞིན། དགུང་ལོ་སོ་གཅིག་ནས་ལོ་བརྒྱད་རིང་ཁོང་གི་གཙོ་བོར་གསང་སྔགས་ཀྱི་བཤད་པ་རྒྱ་ཆེན་མཛད་ཅིང་། སྐབས་དེ་ནས་གཞན་སྟོང་དབུ་མའི་ལྟ་བ་ཇོ་ནང་གི་གྲུབ་མཐའི་རྩེར་སོན། ཇོ་ནང་བླ་བྲང་གསར་དུ་བཏབ། དགུང་ལོ་ཞེ་གཅིག་པ་ཤིང་མོ་ཡོས་ལོ་(༡༦༡༥)ལ་རྟག་བརྟན་ཕུན་ཚོགས་གླིང་གསར་དུ་བཞེངས། བལ་པོ་ནས་ལྷ་བཟོ་ཉི་ཤུ་ཙམ་གདན་དྲངས་ནས་རྟེན་བཞེངས། ཡིག་མཁན་ཆིག་བརྒྱ་བརྒྱད་ཅུ་བཀུག་ནས་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་པོ་ཏི་ཉིས་བརྒྱ་འབྲིར་བཅུག །རྒྱ་དཔེ་མང་པོ་བསྒྱུར་བ་སོགས་ནང་རྟེན་གསར་བཞེངས། རྨད་དུ་བྱུང་བའི་གསུང་རབ་གླེགས་བམ་བཞི་བཅུ་ལྷག་ཡོད་དོ།། རིས་མེད་བླ་དཔོན་རྣམས་ལ་དམ་ཆོས་སྤེལ་བ་སོགས་འཕྲིན་ལས་བསམ་བརྗོད་ལས་འདས།
དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་ཁྱི་ཕྱི་ལོ་ ༡༦༣༤ ལོར་སངས་རྒྱས་སྨན་བླའི་ཞིང་དུ་གཤེགས་པའི་ཚུལ་གནང་།། །།
ཀུན་དགའ་ཡེ་ཤེས་རྒྱ་མཚོའི་གསུང་འབུམ།
ངག་དབང་བློ་གྲོས་གྲགས་པའི་་གསུང་འབུམ།
Coming Soon
རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་གསུང་འབུམ།
དགེ་ལྡན་པའི་ལོ་རྒྱུས།
༄༅། །དགེ་ལུགས་པ་ཞེས་པ་ནི་དགའ་ལྡན་པ་ཟེར་བའི་དོན་ཡིན། དགོན་པའི་མིང་ལ་བརྟེན་ནས་བཏགས་པ་སྟེ། རྒྱལ་བའི་ལུང་གིས་བསྟན་ཅིང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་སྤྱི་ལོ་༡༤༠༩ ལོར་གདན་ས་འབྲོག་རི་བོ་དགེ་ལྡན་རྣམ་རྒྱལ་གླིང་བཏབ་སྟེ་རྗེའི་རིང་ལུགས། རྒྱལ་ཚབ་དར་མ་རིན་ཆེན་དང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་སྟེ་རྗེ་ཡབ་སྲས་གསུམ་ནས་བཟུང་ཁྲི་རབས་རིམ་པར་བྱོན་པའི་ཆོས་བརྒྱུད་ལ་རི་བོ་དགེ་ལྡན་པའི་ལུགས་ཞེས་བྱུང༌སྟེ། གྲུབ་མཐའི་རྩ་བ་ནི་ཇོ་བོ་ཨ་ཏི་ཤ་ལ་བརྟེན་ནས་དར་བའི་བཀའ་གདམས་པ་ལས་སོ་སོར་གྱེས་པ་ཡིན་ཞིང་། བཀའ་གདམས་གསར་མ་བ་ཞེས་པའི་ཐ་སྙད་ཀྱང་འདོགས་པར་མཛད་དོ། །
བརྒྱུད་འཛིན་གྱི་སྐྱེས་བུ་དམ་པ། རྗེའི་ཐུགས་སྲས་གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ་སོགས་ལུང་བསྟན་ཐོབ་པའི་ཐུགས་སྲས་བདུན། འཁོར་དག་པ་རྣམ་བརྒྱད། ཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞི། དབུས་གཙང་གི་བསྟན་པའི་སྒྲོན་མེ་བཅུ། གཞན་དོན་ལྷུན་གྱིས་གྲུབ་པའི་སེམས་དཔའ་དྲུག ། མི་དབང་གཙུག་ན་བཀུར་བའི་ཏི་ཤྲཱི་གཉིས། ས་སྐྱོང་ཆོས་རྗེ་དྲུག ། སྐྱེ་དགུའི་གཙུག་རྒྱན་སྤྱན་སྔ་བརྒྱད་སོགས་བྱུང་བའི་ནང་ནས། གདན་ས་ཆེན་པོ་བཞི་འདེབས་པའི་སྲས་ཆེན། ༡༽ རྗེ་དགེ་འདུན་གྲུབ་པས་གཙང་བཀྲ་ཤིས་ལྷུན་པོའི་ཆོས་སྡེ་བཏབ། ༢༽ འཇམ་དབྱངས་ཆོས་རྗེས་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་གྲྭ་བཏབ། ༣༽ བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་སེ་ར་ཐེག་ཆེན་གླིང་བཏབ། ༤༽ རྗེ་ཤེས་རབ་སེང་གེས་དཔལ་ལྡན་རྒྱུད་སྨད་བཏབ། དེའི་སློབ་མ་རྒྱུད་ཆེན་དཀོན་མཆོག་དོན་འགྲུབ་ཀྱིས་རྒྱུད་སྟོད་གྲྭ་ཚང་ཟུར་དུ་སྐྱོང་བ་སོགས་བུ་སློབ་རྣམས་་ཀྱིས་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་གཙང་མས་གངས་ཅན་གྱི་ལྗོངས་ཙམ་མ་ཟད་རྒྱ་ཧོར་སོགས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པར་བརྡལ།
༸གོང་ས་༸རྒྱལ་བའི་དབང་པོ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་བཟུང་ཆོས་སྲིད་ལུགས་གཉིས་ཟུང་འབྲེལ་གྱི་མངའ་དབང་བསྒྱུར་ནས་སྐུ་ཕྲེང་ན་རིམ་རིས་སུ་མ་ཆད་པའི་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོར་གྱུར་ཅིང༌། གཞན་ཡང༌། པཎ་ཆེན་སྐུ་ཕྲེང༌རིམ་བྱོན། དགའ་ལྡན་ཁྲི་རིན་པོ་ཆེ་རིམ་བྱོན་སོགས་དམ་པའི་ཁྱུ་མཆོག་གསེར་མདོག་ཅོད་པན་འཛིན་པའི་རིང་ལུགས་འདི་ཉིད་བཤད་སྒྲུབ་གཉིས་ཀྱིས་སྤེལ་ཞིང༌། དབུས་གཙང་གི་ཆོས་སྡེ་ཆེན་པོ་བཞི་དང༌། རྒྱུད་གྲྭ་སྟོད་སྨད་གཉིས། མདོ་སྨད་དུ་སྐུ་འབུམ་ཆོས་སྡེ། རྗེའི་དངོས་སློབ་སྟོད་ཤེས་རབ་བཟང་པོས་ཆུ་བོ་སི་ཏའི་ཆུ་བརྒྱུད་མངའ་རིས་མང་ཡུལ་དུ་སྟག་མོའི་ཆོས་སྡེ་སོགས་དང༌། སྨད་ཤེས་རབ་བཟང་པོས་ཆབ་མདོའི་དགོན་པ་བཏབ་པ་སོགས་དངོས་སློབ་ཡང་སློབ་བརྒྱུད་འཛིན་དང་བཅས་པས་རིང་ལུགས་འདིས་གཙོ་བོ་བཤད་པ་ལ་བརྟེན་ནས་རྒྱལ་བསྟན་རིན་པོ་ཆེ་གསལ་བར་མཛད་ཕྱིར་ལུང་གི་བསྟན་པ་ལ་བཀའ་དྲིན་དང་ཕྲིན་ལས་ཆེས་ཆེ་བ་ཡིན་ནོ།། །།
རྗེ་ཙོང་ཁ་པའི་གསུང་འབུམ།
༄༅། ། རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ།
༄༅། །རྗེ་བཙུན་ཙོང་ཁ་པ་ཆེན་པོ། རི་བོ་དགེ་ལུགས་པའི་གྲུབ་མཐའི་སྲོལ་གཏོད་པ་པོ་དང་། དགའ་ལྡན་ཁྲི་ཐོག་དང་པོ་ཡིན། སྐུ་བལྟམས་པའི་ཡུལ་ནི། རབ་བྱུང་དྲུག་པའི་མེ་བྱ་ལོ་ཕྱི་ལོ་༡༣༥༧ ལོར་མདོ་ཁམས་སྨད་ཤར་ཙོང་ཁ་ཞེས་གྲགས་པར། ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ། ཡུམ་ཤིང་མོ་ཨ་ཆོས། འདིའི་གདུང་རུས་ནི་མལ་ཡིན།
དགུང་ལོ་གསུམ་པར། ཆོས་རྗེ་ཀརྨ་པ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་ཡོངས་སུ་རྫོགས་པར་མནོས་ཏེ། མཚན་ཡང་ཀུན་དགའ་སྙིང་པོ་ཞེས་བཏགས། དགུང་ལོ་བདུན་པ་ལ། ཆོས་རྗེ་དོན་གྲུབ་རིན་ཆེན་དྲུང་དུ། དབང་ཐོབ་ནས༌སྐབས་ཤིག་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གཏུམ་པོ་ཕྱག་གཉིས་པ་དང༌། ཁྱད་པར་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་མནལ་ལམ་དུ་ནར་མར་འོང་བ་ཞིག་བྱུང༌།
བླ་མ་དོན་གྲུབ་རིན་ཆེན་པས་མཁན་པོ་མཛད། གཞོན་ནུ་བྱང་ཆུབ་ཅེས་བྱ་བས་སློབ་དཔོན་མཛད་དེ།དགེ་ཚུལ་གྱི་སྡོམ་པ་མནོས་ཤིང༌། མཚན་ཡང་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བར་གསོལ་ཏོ།།
དགུང་ལོ་བཅུ་དྲུག་གམ་བཅུ་བདུན་པར། བླ་མའི་བཀས་ཀྱང་བསྐུལ་ཞིང༌། སྤྲོ་ཤུགས་དྲག་པོས་དབུས་གཙང་གི་ཕྱོགས་ལ་དམ་ཆོས་འཚོལ་བའི་ཆེད་བྱོན།སྟོན་ཁ་འབྲི་གུང་དུ་ཕེབས། དེ་ནས་སྐྱི་ཤོད་ལ་བཏེག་སྟེ་གུང་ཐང་དུ་གསོ་བ་རིག་པའི་སློབ་གཉེར་མཛད། དེ་ནས་རྭ་སྟོད་དགོན་པ་བདེ་བ་ཅན་དུ་བྱོན། དགུང་ལོ་བཅུ་དགུ་པར་གསང་ཕུ་དང་གཙང་ལ་བྱོན། ཆོས་བཀའ་ཅི་རིགས་གསན་ཞིང་། ས་སྐྱ། བཟང་ལྡན། ངམ་རིང་། མགར་རོང་ཆོས་སྡེ། བོ་དོང་ཨེ་རྣམས་སུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད་ནས། རྩེ་ཆེན། སྐྱོར་མོ་ལུང་། ས་སྐྱར་བྱོན། དེ་ནས་དབུས་སུ་ཕེབས་ཏེ་མལ་གྲོ་ལྷ་ལུང་། མདོར་ན་གདན་ས་ཆེན་པོ་རྣམས་སུ་མདོ་སྔགས་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་པ་རྒྱ་ཆེར་གནང་ནས་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བར་མཛད་།
དགུང་ལོ་ཉེར་བཞི་པར་བཀའ་བཞི་ཚུལ་ཁྲིམས་རིན་ཆེན་ལས་བསྙེན་པར་རྫོགས། དགུང་ལོ་སོ་དྲུག་པར་སྐྱོར་མོ་ལུང་དུ་སྒྲུབ་པ་གཙོ་བོར་མཛད། མཛད་ཆེན་རྣམ་བཞི། ༡༽ སོ་བདུན་པར་འོལ་ཁའི་རྫིང་ཕྱིའི་བྱམས་པ་རྟེན་དང་བརྟེན་པ་ཞིག་གསོ་གནང་། ༢༽ སོ་དགུ་བར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར། ༣༽ ང་གཉིས་པར་ལྷ་སར་ཆོ་འཕྲུལ་ཆེན་པོའི་སྨོན་ལམ་བཙུགས། ༤༽ ང་དགུ་བར་དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ།
རྗེ་བླ་མ་འདི་ཉིད་ཀྱིས་གངས་རིའི་ཁྲོད་འདིར། རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་འཛིན་པ་ཐམས་ཅད་ཀྱི་ནང་ན་སྟོན་པ་གཉིས་པ་ལྟ་བུར་གྱུར་པ་ཡིན་ཏེ། མདོ་སྔགས་ཀྱི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པས་རང་ཉིད་ཆོས་ཀྱི་རྒྱལ་པོའི་གོ་འཕང་བརྙེས་ནས། བསྟན་པ་འབའ་ཞིག་ལ་དགོངས་པའི་ཐུགས་ཀྱིས་གདུལ་བྱ་མཐའ་ཡས་པ་དག་ལ་ཚད་བཟུང་མི་ནུས་པར་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་གདུལ་བྱ་མཐའ་དག་རང་རང་གི་སྐལ་བ་དང་འཚམས་པར་སྨིན་ཅིང་གྲོལ་བར་མཛད།
དེ་ནས་ས་ཕག་ཕྱི་ལོ་༡༤༡༩ ལོའི་ཉི་ཤུ་ལྔའི་སྔ་དྲོ་ཉི་དྲོད་ཙམ་ལ་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་མྱ་ངན་ལས་འདས་སོ།། །།