Tengyur

བསྟན་འགྱུར།

སངས་རྒྱས་ཀྱི་བཀའ་ཡི་དགོངས་འགྲེལ་གླེགས་བམ་དུ་སྒྲིག་པ་ལ་གནས་སྐབས་སུ་བཞུགས་ཡོད་པ་སྡེ་དགེ་བསྟན་འགྱུར་ཡིན།

རྒྱབ་ལྗོངས།

བསྟན་འགྱུར་གྱི་ངོ་སྤྲོད་མདོར་བསྡུས།

སངས་རྒྱས་ཀྱི་བཀའ་བོད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་གླེགས་བམ་དུ་སྒྲིག་པ།

༄༅། །སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་གསུང་རྣམས་ཀྱི་དགོངས་པ་འགྲེལ་བའི་ཆེད་དུ་བརྩམས་པའི་གཞུང་གང་ཡིན་པ་ལ་བསྟན་བཅོས་ཟེར་ཞིང༌། དེ་དག་ལས་རྒྱ་གར་གི་མཁས་པས་བརྩམས་པའི་བསྟན་བཅོས་ཀྱི་ནང་ནས་བོད་སྐད་དུ་བསྒྱུར་ཟིན་པ་ལ་བསྟན་འགྱུར་ཟེར། གང་ལ་ཚུལ་བཞིན་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་གཉེན་པོ་རྣམ་དཀར་ཕྱོགས་སུ་གྱུར་པའི་ཡོན་ཏན་ཞིག་སྟེ་ཚད་ལྡན་གྱི་བཀའི་དགོངས་པ་འགྲེལ་བའི་བསྟན་བཅོས་ནི། ལེགས་སྦྱར་གྱི་སྐད་དུ་ཤཱསྟྲ་ཞེས་བྱ་སྟེ། དེའང་ཤཱ་ས་ནི་འཆོས་པ། ཏྲ་ཡ་སྐྱོབ་པའི་ཕྱིར་བསྟན་བཅོས་ཞེས་བྱའོ།།

ཀུན་གསལ་མེ་ལོང་དུ་ཉར་ཚགས་བྱས་པའི་བསྟན་འགྱུར་གྱི་བསྐྱར་པར།

སྡེ་དགེ་བསྟན་འགྱུར།

ཡེ་ལོ་༡༧༣༧ལོར་བོད་ཤར་ཕྱོགས་ཁམས་སྡེ་དགེའི་རྒྱལ་པོ་ཁྲི་རབས་ཞེ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་ས་སྐྱ་ཁྲི་འཛིན་བཞི་བཅུ་པ་བདག་ཆེན་འཇམ་དབྱངས་བཀྲ་ཤིས་ལྷུན་འགྲུབ་ཀྱི་བཀའ་དགོངས་ལྟར་བསྟན་འགྱུར་གྱི་པར་གཞིའི་དབུ་བརྩམས།
འཁོན་རིགས་བསྟན་པའི་མངའ་བདག་དཔལ་ལྡན་ས་སྐྱ་པའི་ཁྲི་འཛིན་གདན་རབས་སུམ་ཅུ་པ་འཇམ་དབྱངས་བཀྲ་ཤིས་མཆོག་གི་ལམ་སྟོན་བླ་ན་མེད་པའི་འོག །ཕྱི་ལོ་ ༡༧༣༧ རབ་བྱུང་བཅུ་གཉིས་པའི་མེ་སྟག་ལོར་སྡེ་དགེ་ཆོས་རྒྱལ་ཞེ་གཉིས་པ་བསྟན་པ་ཚེ་རིང་མཆོག་གི་གོ་སྒྲིག་གཟིགས་སྐྱོང་གིས་བཀའ་ཡི་དགོངས་འགྲེལ་གྱི་བསྟན་འགྱུར་རིན་པོ་ཆེའི་སྤར་སྐྲུན་དབུ་འཛུགས་བསྐྱངས། ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་ནས་བསྟན་འགྱུར་གྱི་པར་གཞི་མཛད། ཡུ་ཝན་རྒྱལ་རབས་ཀྱི་སློབ་དཔོན་འཕགས་པའི་ཞལ་སློབ་སྒ་ཨ་མྱེས་དམ་པ་དང་། སྐྱབས་མགོན་ཐམས་ཅད་མཁྱེན་པ་སི་ཏུ་ཆོས་ཀྱི་འབྱུང་གནས་རྣམ་གཉིས་ལ་གཟིགས་སྐྱོང་མཛད་ཕྱིར་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་སྩལ། སྡེ་དགེ་བསྟན་འགྱུར་དེ་ཉིད་པོད་བདུན་ཙམ་གྲུབ་མཚམས་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཤིང་། ཁོང་གི་སྲས་ཀུན་དགའ་འཕྲིན་ལས་རྒྱ་མཚོ་མཅོག་ནས་བསྟན་འགྱུར་གྱི་འཕྲོས་རྣམས་སུ་མུ་མཐུད་ཡབ་རྗེ་བཞིན་གཟིགས་སྐྱོང་དབུ་བཞུགས་ཀྱི་མཛད་འགན་བཞེས། བསྟན་འགྱུར་གྱི་པར་བརྐོས་གྲུབ་པར་ལོ་ངོ་བདུན་གྱི་ཡུན་དུ་ཐོགས་ཤིང་། ཕྱི་ལོ་ ༡༧༤༤ བོད་རབ་བྱུང་བཅུ་གཉིས་པའི་ཤིང་གྱི་ལོར་མཇུག་ལེགས་པར་གྲུབ། སྡེ་དགེ་བསྟན་འགྱུར་ལ་པོད་གྲངས་ ༢༠༩ བཞུགས་པ་དང་། ཚུལ་ཁྲིམས་རིན་ཆེན་མཆོག་ནས་སྡེ་དགེ་བསྟན་འགྱུར་གྱི་ཞུ་དག་དང་དཀར་ཆག་ཕྱོགས་སྒྲིགས་མཛད། གཞན་ཡང་འགྲེལ་པའི་ཁ་སྐོང་ཕྱིར། ལོ་རྒྱུས་དང་བཤད་པ་སོགས་པོད་བཞིའི་ཁ་སྐོང་དང་། དཀར་ཆག་པོད་གཅིག་བཅས་གསར་སྣོན་མཛད་དེ་ཡོང་བསྡོམས་སྡེ་དགེ་བསྟན་འགྱུར་ལ་པོད་ ༢༡༣ བཞུགས། སྡེ་དགེ་བསྟན་འགྱུར་གྱི་པར་ཤིང་རྣམས་སྡེ་དགེ་གསུང་རབ་སྤར་སྐྲུན་ཁང་དུ་བཞུགས་ཤིང་། འདི་ཉིད་ལ་སྡེ་དགེ་བསྟན་འགྱུར་ཞེས་ཡོངས་གྲགས་སུ་མཚན་ཐོགས།
 

 

 

བསྟན་འགྱུར།བསྟན་འགྱུར་དང་སྤོས་མཆོད།
 
 
 
 

བདེ་གཤེགས་ཉི་མ་ནུབ་ཏུ་གཤེགས་ན་ཡང་། །དམ་ཆོས་གཟི་འོད་འཇིག་རྟེན་ཁམས་སུ་གནས། །
རྟག་ཏུ་སྐྱེ་འགྲོ་ཀུན་གྱི་དོན་མཛད་པ། །ཨེ་མ་སྐལ་བཟང་འདི་འདྲ་ངོ་མཚར་རོ། །
སངས་རྒྱས་ཡོན་ཏན་འོད་ཟེར་བྱིན་རླབས་ཀྱིས། །སློབ་དཔོན་བདུན་དང་རྒྱན་དྲུག་མཆོག་གཉིས་ནས། །
བརྒྱུད་པའི་བླ་མ་ནམ་མཁའི་སྐར་ཚོགས་མཐུས། །ཟབ་ཅིང་རྒྱ་ཆེའི་དམ་ཆོས་མ་ཉམས་གནས། །
གྲུབ་མཐའ་བཞི་ཡི་རིན་ཆེན་ཐེམ་སྐས་ལས། །ཀུན་མཁྱེན་རྣམ་རྒྱལ་གཞལ་མེད་ཁང་གཤེགས་ཏེ། །
ཞི་གནས་རིན་ཆེན་ཁྲི་ཡི་གདན་སྟེང་ནས། །ལེགས་བཤད་སྒྱུ་འཕྲུལ་རྣམ་གྲངས་དཔག་མེད་མཛད། །
སངས་རྒྱས་དགོངས་པ་ཇི་བཞིན་རྟོགས་མཛད་དེ། །ཐེག་མཆོག་གསང་ཆེན་བང་མཛོད་འཛིན་མཛད་པས། །
འགྱུར་མེད་དཔལ་ལྡན་དབུ་མ་ཐལ་འགྱུར་པའི། །མཁས་དང་གྲུབ་པ་རྣམས་ལ་གསོལ་བ་འདེབས། །

མ་དཔེ་ཡོང་ཁུངས་སྡེ་དགེ་པར་ཁང་ཡིན་པར་བརྟེན་སྡེ་དགེ་བསྟན་འགྱུར་ཞེས་མཚན་བཏགས།
 

སྡེ་དགེ་བསྟན་འགྱུར་འདི་ཉིད་གངས་ལྗོངས་ཕྱོགས་ཀུན་ཏུ་ཁྱབ་ཆེ་ཞིང་། དེ་ཡང་བསྟན་འགྱུར་གཞན་ལ་ལྟོས་པའི་པར་གཞི་གསལ་ཞིང་དག་ལ་པར་སྤུས་གཙང་བ་སོགས་ཁྱད་ཆོས་དུ་མ་དང་ལྡན་པས་ཀློག་པ་པོ་རྣམས་ལ་ཡང་སྤྲོ་བ་དཔག་མེད་དུ་སྦྱིན་ནུས་པའི་དགེ་མཚན་ལྡན། སྡེ་དགེ་བསྟན་འགྱུར་གྱི་པར་གཞི་ངོ་མ་མཚལ་པར་མཛད་རྒྱུར་ཡང་དུས་བབ་ཀྱིས་མཚལ་པར་གྱི་རིན་གོང་ཤིན་ཏུ་ཆེ་སྟབས་བསྟོད་ཚོགས་རྣམས་མཚལ་པར་དུ་བཞུགས་པ་ལས། གཞན་རྣམས་སྣག་པར་དུ་བཞུགས་ཡོད། སྡེ་དགེ་བསྟན་འགྱུར་གྱི་ཤིང་པར་མ་ལུས་སྡེ་དགེ་གསུང་རབ་དཔེ་སྐྲུན་ཁང་དུ་རྗེས་འཇུག་རྣམས་ནས་ཡང་ནས་ཡང་དུ་པར་བསྐྲུན་ཞུ་ཕྱིར་ཉམས་མེད་བཞུགས་ཡོད།

 
 
 
 

བསྟན་འགྱུར་འདིའི་གོ་རིམ་ནི།:

བསྟོད་ཚོགས། གླེགས་བམ་གཅིག
༡.བསྟོད་ཚོགས་ཀྱི་སྐོར། གླེགས་བམ་གཅིག

རྒྱུད། གླེགས་བམ་དོན་བརྒྱད།
༢.དགྱེད་རྡོའི་སྐོར། གླེགས་བམ་དགུ།
༣.དུས་འཁོར་གྱི་སྐོར། གླེགས་བམ་ལྔ།
༤.དཔལ་འཁོར་ལོ་སྡོམ་པའི་བདེ་མཆོག་བསྡུས་པའི་སྐོར། གླེགས་བམ་དགུ།
༥.འཕགས་པ་གདན་བཞིའི་སྐོར། གླེགས་བམ་ཕྱེད།
༦.སྒྱུར་འཕྲུལ་ཆེན་མོའི་རྒྱུད་ཀྱི་དཀའ་འགྲེལ་གྱི་སྐོར། གླེགས་བམ་ཕྱེད།
༧.དཔལ་རྡོ་རྗེ་བདུད་བརྩིའི་སྐོར། གླེགས་བམ་ཕྱེད།
༨.དཔལ་སངས་རྒྱས་ཐོག་པའི་རྒྱུད་ཀྱི་སྐོར། གླེགས་བམ་ཕྱེད།
༩.དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཀྱི་བཀའ་འགྲེལ་གྱི་སྐོར། གླེགས་བམ་གཅིག
༡༠.སྒྲོལ་མའི་སྒྲུབ་ཐབས་ཀྱི་སྐོར། གླེགས་བམ་གཅིག
༡༡.རྣལ་འབྱོར་ཆེན་པོ་སྒྲུབ་ཐབས་ཀྱི་སྐོར། གླེགས་བམ་བཅུ་བདུན་དང་ཕྱེད།
༡༢.དཔལ་གཤིན་རྗེ་གཤེད་དགྲའི་སྒྲུབ་ཐབས་ཀྱི་སྐོར། གླེགས་བམ་གཉིས་དང་ཕྱེད།
༡༣.བླ་མེད་རྒྱུད་ཀྱི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱལ་ཆེན་འགྲེལ་པའི་སྐོར། གླེགས་བམ་ཕྱེད།
༡༥.གནོད་སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེའི་རྒྱུད་ཀྱི་འགྲེལ་པའི་སྐོར། གླེགས་བམ་གཅིག་དང་ཕྱེད།
༡༥.གནོད་སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེའི་རྒྱུད་ཀྱི་འགྲེལ་པའི་སྐོར། གླེགས་བམ་གཅིག་དང་ཕྱེད།
༡༦.བླ་མེད་རྒྱུད་ཀྱི་སྤྱི་དོན་ངེས་པར་སྐུལ་བར་བྱེད་པའི་སྐོར། གླེགས་བམ་གསུམ།
༡༧.རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་སོགས་ཀྱི་སྐོར། གླེགས་བམ་དགུ།
༡༨.རྣལ་འབྱོར་རྒྱུད་ཀྱི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པའི་སྐོར། གླེགས་བམ་གསུམ་དང་ཕྱེད།
༡༩.དཔལ་ཐམས་ཅད་གསང་བ་དང་ངན་སོང་སྦྱོང་བའི་རྒྱུད་ཀྱི་སྐོར། གླེགས་བམ་གཉིས་དང་ཕྱེད།
༢༠. རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་སོགས་སྤྱོད་རྒྱུད་ཀྱི་སྐོར། གླེགས་བམ་གཉིས།
༢༡.བྱ་རྒྱུད་ཀྱི་སྐོར། གླེགས་བམ་གཉིས།
༢༢.རྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲུབ་ཐབས་དང་དཀྱིལ་འཁོར་བཞིན་ཚུལ་སོགས་ཀྱི་སྐོར། གླེགས་བམ་གསུམ་དང་ཕྱེད།
༢༣.རྒྱུད་སྡེ་བཞིའི་རྣམ་པར་བཞག་པ་དང་གསང་ངག་གི་དམ་ཚིག་སོགས་ཀྱི་སྐོར། གླེགས་བམ་གཅིག
༢༤.གནས་སྐོར་གྱི་ལམ་ཡིག་དང་གསོལ་འདེབས་སྨོན་ལམ་སོགས་ཀྱི་སྐོར། གླེགས་བམ་ཕྱེད།

ཤེས་ཕྱིན། གླེགས་བམ་བཅུ་དྲུག
༢༥.རྒྱལ་ཡུམ་ཤེས་རབ་ཀྱི་ཕལ་རོལ་ཏུ་ཕྱིན་པའི་མངོན་རྟོགས་ཀྱི་སྐོར། གླེགས་བམ་བཅུ་གཅིག
༢༦.ཤེས་རབ་ཀྱི་ཕལ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ཀྱི་སྐོར། གླེགས་བམ་ལྔ།

དབུ་མ། གླེགས་བམ་བཅུ་བདུན།
༢༧. དབུ་མ་རྩ་བའི་ཤེས་རབ་སོགས་དབུ་མའི་དཀའ་འགྲེལ་གྱི་སྐོར། གླེགས་བམ་བཅུ་བདུན།

མདོ་འགྲེལ། གླེགས་བམ་བཅུ།

༢༨.མདོ་ཐམས་ཅད་ཀྱི་འགྲེལ་བའི་སྐོར། གླེགས་བམ་བཅུ།

སེམས་ཙམ། གླེགས་བམ་བཅུ་དྲུག

༢༩.སེམས་ཙམ་པའི་ལྟ་བ་རྣམ་པར་འབྱེད་པའི་འགྲེལ་པའི་སྐོར། གླེགས་བམ་བཅུ་དྲུག

མངོན་པ། གླེགས་བམ་བཅུ་གཅིག

༣༠.ཤེས་རབ་ཀྱི་བསླབ་པ་བསྟན་པའི་མངོན་པའི་སྡེ་སྣོད་ཀྱི་བཀའ་འགྲེལ་སྐོར། གླེགས་བམ་དགུ།
༣༡.བསམ་གཏན་གྱི་བསླབ་པ་བསྟན་པའི་མདོ་སྡེའི་སྡེ་སྣོད་ཀྱི་བཀའ་འགྲེལ་སྐོར། གླེགས་བམ་གཉིས།

འདུལ་བ། གླེགས་བམ་བཅོ་བརྒྱད།

༣༢. ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་པའི་འདུལ་བའི་སྡེ་སྣོད་ཀྱི་བཀའ་འགྲེལ་སྐོར། གླེགས་བམ་བཅོ་བརྒྱད།

སྐྱེ་རབས།

༣༣.སྐྱེ་རབས་སྣ་ཚོགས་ཀྱི་སྐོར། གླེགས་བམ་བཞི་དང་ཕྱེད།
༣༤.སྤྲིན་ཡིག་སྣ་ཚོགས་ཀྱི་སྐོར། གླེགས་བམ་གཅིག་དང་ཕྱེད།

ཚད་མ།

༣༥.ཚད་མ་རིག་པའི་སྐོར། གླེགས་བམ་ཉི་ཤུ།

སྒྲ་རིག་པ།
༣༦.སྒྲ་རིག་པའི་སྐོར། གླེགས་བམ་དྲུག

གསོ་རིག
༣༧.གསོ་བ་རིག་པའི་སྐོར། གླེགས་བམ་ལྔ།

བཟོ་རིག་པ།
༣༨.བཟོ་རིག་པའི་སྐོར། གླེགས་བམ་ཕྱེད།
༣༩.འཇིག་རྟེན་པའི་སྤྱོད་པ་རྣམ་དག་གི་སྐོར། གླེགས་བམ་ཕྱེད།
༤༠.བོད་པའི་མཁས་པ་རྣམས་ཀྱི་གསུང་རྩོམ་གྱི་སྐོར། གླེགས་བམ་གསུམ་དང་ཕྱེད།
༤༡.གསར་དུ་ཁ་བསྣན་པའི་ཕར་ཕྱིན་ཐེག་པའི་སྐོར་དང་རིག་གནས་གཞན་གྱི་སྐོར། གླེགས་བམ་ཕྱེད།
༤༢.སྔོ་བ་དང་ཤིས་སྨོན་སོགས་ཀྱི་སྐོར། གླེགས་བམ་ཕྱེད།

བོད་ཡིག